ཉེ་ཆར་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཐན་གྲོང་ཁྱེར་ཤན་ཡིའུ་རྫོང་གི་ཧྥུའུ་ཞ་མྱུར་བགྲོད་ལྕགས་ལམ་གྱི་མེ་ཀྲོའུ་མཚོ་སྒྲོལ་ཟམ་ཆེན་མུ་མཐུད་སྐྲུན་འགོ་ཚུགས་པ་དང་། སྔོན་རྩིས་བྱས་ན་ཕྱི་ལོའི་ཟླ་བཅུ་པར་བསྐྲུན་ཚར་རྒྱུ་རེད། ཧྥུའུ་ཞ་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི་མཚོ་སྒྲོལ་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་རེད་ལ། “ཕྱོགས་བཞི་མཚམས་བརྒྱད”དང་སྦྲེལ་བའི་ཤར་ལྷོའི་མཚོ་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་གལ་ཆེན་ཞིག་ཀྱང་རེད། མེ་ཀྲོའུ་མཚོ་སྒྲོལ་ཟམ་ཆེན་ནི་ཧྥུའུ་ཞ་མྱུར་བགྲོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེའི་རིང་ཚད་ལ་སྤྱི་ལེ་14.7ཡོད་པའི་ནང་མཚོ་ཐོག་གི་ལམ་ཐག་སྤྱི་ལེ་10ཡོད་ལ། མཚོ་ཁོངས་ཀྱི་ལམ་ཐག་རིང་བ་དང་། ལས་གྲྭའི་ལས་འབོར་ཆེ་བ། ལས་གྲྭའི་དཀའ་གནད་ཆེ་བ་བཅས་ཡོད་པས། མཚོ་སྒྲོལ་མྱུར་བགྲོད་ལྕགས་ལམ་ཟམ་པའི་དཔེ་མཚོན་ལས་གྲྭ་ཞིག་རེད།