“ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་མིག་ནང་གི་བོད”ཅེས་པའི་པར་རིས་འགྲེམས་སྟོན་ཐའེ་པེ་རུ་བྱས་པ།
ཧོང་ཧྥུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་དང་ཐའེ་དབན་ངལ་རྩོལ་ཏང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་མིག་ནང་གི་བོད”ཅེས་པའི་པར་རིས་འགྲེམས་སྟོན་ཉིན་ཤས་གོང་ཐའེ་པེ་རུ་འགོ་ཚུགས་ཤིང་། འགྲེམས་སྟོན་ནང་བསྟན་པའི་པར་རིས་ནི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་བཅུ་ལྷག་ཙམ་གྱི་གསར་འགོད་པས་མཁོ་འདོན་བྱས་པ་ཞིག་རེད། ཁོང་ཚོས་བོད་དང་དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་བོད་རིགས་ས་ཁུལ་དུ་བསྐྱོད་ནས་པར་དུ་བླངས་པའི་འདྲ་པར་འབོར་ཆེན་ནང་ནས་བརྒྱ་ལྷག་ཙམ་ཧྲག་སྒྲུག་བརྒྱབ་ཡོད། འདྲ་པར་དེ་དག་བརྒྱུད་བོད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་། ཡུལ་གོམས་གཤིས་ལུགས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་བཅས་ཐའེ་དབན་དམངས་ཚོགས་ཀྱིས་རྟོགས་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།
ཧོང་ཧྥུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་དྲུང་ཆེ་གཞོན་པ་ཧའོ་དབྱིས་ཧྥུང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུང་སྐབས་འདི་ནི་ཧོང་ཧྥུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པས་ཐའེ་དབན་དུ་བོད་ཀྱི་པར་རིས་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་ཞེས་གསུངས་པ་རེད། ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་གྱི་གསར་འགོད་པ་ཚོས་རེ་འདོད་དང་། ཁྱད་མཚར་བ། འོལ་ཚོད་བཅས་ཀྱི་བསམ་བློ་ཞིག་འཁྱེར་ནས་བོད་དུ་བསྐྱོད་ཅིང་། ལྟ་བས་མི་ངོམས་པའི་མཛེས་ལྗོངས་རེ་རེ་མིག་མདུན་དུ་འཆར་སྐབས་ཁོང་ཚོས་རང་དབང་མེད་པར་ལག་ནང་གི་པར་ཆས་སྤྱད་དེ་བོད་ཀྱི་ཉམས་དགའ་བའི་མཛེས་ལྗོངས་དང་དེ་བཞིན་དགའ་སྤྲོ་རབ་ཏུ་འཁོལ་བའི་བྱ་བ་རྣམས་པར་དུ་བླངས་ཡོད་པ་རེད།
ཁོང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50ལྷག་ཙམ་སོང་རིང་། མི་འབོར་གྱི་གཞི་ཁྱོན་དང་། དཔལ་འབྱོར་འཕེལ་རྒྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ། སློབ་གསོ་དང་སྨན་བཅོས་སོགས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་རུང་བོད་འཕེལ་རྒྱས་གཏོང་རིང་ཁོར་ཡུག་དང་སྣོད་བཅུད་སྲུང་སྐྱོང་ལ་ལྷོད་གཡེང་བཏང་མྱོང་མེད། ད་ལྟ་བོད་དུ་ཞི་མཐུན་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། རིག་གནས་དར་རྒྱས། སྣོད་བཅུད་བཟང་པོ་བཅས་ཡོད། དཔལ་འབྱོར་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་ལ་མང་ཚོགས་ཀྱི་འཚོ་བ་ཡང་བདེ་སྐྱིད་ཕུན་སུམ་ཚོགས་སུ་འགྲོ་གི་ཡོད་ཅེས་གསུངས་པ་རེད།
ངལ་རྩོལ་ཏང་གི་ཀྲུའུ་ཞི་ཝུའུ་རུང་ཡོན་གྱིས་ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་ནང་བསྟན་པའི་འདྲ་པར་ཚང་མ་ཧྲག་འདེམས་བྱས་པ་ཤ་སྟག་ཡིན་པ་དང་། འགྲེམས་སྟོན་བྱ་གཞི་གཙོ་བོ་ནི་མི་རྣམས་ཀྱིས་བློ་ཁ་ཕྱོགས་སའི་བོད་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་དང་ཡུལ་གོམས་གཤིས་ལུགས་ཡིན། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་བཀྲག་མདངས་རབ་ཏུ་འཚེར་བའི་མུ་ཏིག་ལྟ་བུ་ཞིག་ཡིན་ལ་ཐའེ་དབན་བ་མང་པོའི་བློ་ཁ་ཕྱོགས་ས་ཡང་ཡིན། ཐའེ་དབན་གྱིས་སླད་ཕྱིན་ངོགས་གཉིས་ཀྱི་དམངས་ཚོགས་ཕན་ཚུན་རྒྱུས་མངའ་ཐུབ་པའི་སྤེལ་རེས་ཀྱི་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།