
ས་གནས་དེ་གའི་ཟླ་11ཚེས་14ཉིན་གྱི་ཐོ་རེངས་ལ། ནེའུ་ཙི་ལན་རྒྱལ་ཁབ་ཀྱི་དབུས་རྒྱུད་ས་ཁུལ་དུ་ས་ཡོམ་བྱུང་བ་དང་། ཆ་འཕྲིན་གསར་ཤོས་ལ་གཞིགས་ན། ནེའུ་ཙི་ལན་གོང་མ་ཚང་གི་ས་གཤིས་དང་ཉིང་རྡུལ་ཚན་རིག་ཞིབ་འཇུག་ཁང་གིས་ས་ཡོམ་བྱུང་བའི་རིམ་པར་གཞིགས་ཏེ་དེ་སྔ་ཡོངས་བསྒྲགས་བྱས་པའི་ས་ཡོམ་རིམ་པ་6.6དེ་རིམ་པ་7.5རུ་ལེགས་སྒྲིག་བྱས་པ་དང་། དམངས་ཟོན་སྡེ་ཚན་གྱིས་མཚོ་ཡོམ་འབྱུང་བའི་ཉེན་བརྡ་ཡང་བཏང་ཟིན་པ་རེད།
ནེའུ་ཙི་ལན་དམངས་ཟོན་སྡེ་ཚན་གྱིས་མཚོ་ཡོམ་གྱི་འཇིགས་ཉེན་ཡོད་པའི་ཁུལ་ནི་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཤར་སྣེའི་རྒྱུད་ནས་ལྷོ་ཕྱོགས་སུ་བསྲིངས་པའི་གླིང་ཕྲན་ལྷོ་མའི་ཤར་རྒྱ་མཚོའི་འགྲམ་ངོགས་བར་དུ་ཡིན་ཞིང་། རྒྱལ་ས་ཝེ་ལིང་ཐོན་དང་གླིང་ཕྲན་ཕྱི་མ་ཁྲ་ཐ་མུའུ་གླིང་ཚོམས་སོགས་ལ་གནོད་འཚེ་ཐེབས་ཚད་ཁེབས་ཡོད་པ་རེད་ཅེས་བརྗོད། དམངས་ཟོན་སྡེ་ཚན་གྱིས་གླིང་ཕྲན་ལྷོ་མ་དང་གླིང་ཕྲན་བྱང་མའི་ཤར་རྒྱ་མཚོའི་ངོགས་སུ་འཚོ་བའི་གྲོང་མི་འཕྲལ་མར་ཉེ་འཁོར་གྱི་ས་བབ་མཐོ་ཁུལ་དུ་གནས་སྤོའི་རེ་སྐུལ་བྱས་ཡོད་པ་རེད།
དམངས་ཟོན་སྡེ་ཚན་གྱིས་སྔོན་དཔག་བྱས་པ་ལྟར་ན། ས་གནས་ཁ་ཤས་སུ་མཚོ་ཡོམ་གྱི་རྦ་རླབས་འཕྱུར་ཚད་མཐོ་ཤོས་ལ་སྨི་གཉིས་ཡན་ཟིན་གྱི་ཡོད་པ་རེད། དམངས་ཟོན་སྡེ་ཚན་གྱི་ཛ་དྲག་ཉེན་བརྡ་ཞིག་ཏུ་རྒྱང་སྒྲོག་ལས་ཁུངས་ཀྱིས་སྐར་མ་བཅོ་ལྔ་རེའི་ནང་ཉེན་བརྡ་ཐེངས་རེ་གཏོང་རྒྱུ་ཡིན་པས། མཚོ་ངོགས་ཁུལ་གྱི་མང་ཚོགས་ཚོར་དུས་ཐུག་ཏུ་འགུལ་རེ་བཏོན་པ་རེད།
ནེའུ་ཙི་ལན་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ད་བར་དུ་ཀྲུང་གོའི་སྤྱི་དམངས་ལ་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་ཚུལ་བསྟན་པ་རེད།