
ཨ་རིའི་གསར་འགྱུར་དྲ་བས་བཀོད་པའི་གནས་ཚུལ་ལྟར་ན། ཉེ་ཆར་འབྲུག་རྒྱལ་པོ་ཚང་ནས་རྒྱལ་སྲས་འཁྲུངས་བའི་གནས་ཚུལ་ཕྱི་རུ་བསྒྲགས་ཤིང་ཁོ་ཚོས་རྒྱལ་ཡོངས་སུ་སྡོང་བོ་རྐང་108000 བཙུགས་ཏེ་རྟེན་འབྲེལ་ཞུས་པ་རེད།

འབྲུག་རྒྱལ་པོ་Khesar Namgyel Wangchuckདང་རྒྱལ་ཡུམ་Jetsun Pemaགཉིས་ལ་ད་ལོའི་ཟླ་2 ཚེས་5 ཉིན་རྒྱལ་སྲས་འཁྲུངས་ཤིང་གཏམ་བཟང་ཡུལ་ཕྱོགས་ཀུན་ཏུ་ཁྱབ་ཡོད། ཟླ་བ་གཅིག་གི་རྗེས་སུ་རྒྱལ་པོ་ཚང་ནས་སྡོང་བོ་འཛུགས་པའི་རྟེན་འབྲེལ་གྱི་མཛད་སྒོ་ཆེན་པོ་འདི་སྤེལ་ཏེ་གསོལ་སྨོན་ཞུས་པ་རེད།

འབྲུག་ཡུལ་ནི་སངས་རྒྱས་ཆོས་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། ནང་བས་རྩི་ཤིང་ནི་ཚེ་སྲོག་གི་འབྱུང་ཁུངས་ལ་བརྩི་བ་དང་། སྡོང་བོ་རྐང་རེ་རེས་སྨོན་ལམ་རེ་རེ་མཚོན་ཞིང་རྒྱལ་སྲས་ཆུང་ཆུང་གི་སྐུ་ལུས་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་གཟུགས་སྟོབས་རྒྱས་པ། སྡོང་རྒན་དེ་དག་དང་མཚུངས་བར་བློ་རིག་རྣམ་པར་བཀྲ་བའི་སྨོན་ལམ་བརྒྱབ་ཡོད།

དུས་མཚུངས་འབྲུག་རྒྱལ་གྱི་རྒྱལ་ས་ཡུམ་བུ་རུ། “བདེ་སྐྱིད་ཀྱི་ལྡུམ་ར”གསར་བ་ཞིག་དངོས་སུ་སྒོ་ཕྱེ་ཞིང་ཡུལ་ཕྱོགས་སོ་སོ་ནས་ཕེབས་པའི་ཡུལ་སྐོར་བ་ཚོས་གནས་འདིར་“བདེ་སྐྱིད་ཀྱི་སྡོང་བོ”འཛུགས་པའི་གདན་ཞུ་གནང་ཡོད་པ་དང་། འཛམ་གླིང་ཡུལ་གྲུ་སོ་སོ་མཚོན་པར་བྱེད་པའི་རྩི་ཤིང་གི་རིགས་སྣ་ཚོགས་གཅིག་ཏུ་འཛོམས་པའི་སྨོན་འདུན་ཞུས་ཡོད།

འབྲུག་ཡུལ་ནི“ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁམས”ཞེས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་མཚན་སྙན་ཁྱབ་ཡོད། ཁོ་ཚོས་མང་ཚོགས་ཀྱི་བདེ་སྐྱིད་ཆུ་ཚད་ཀྱིས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཚད་འཇལ་བྱེད་ཅིང་། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་བར་གྱི་དོ་སྙོམས་ལ་མཐོང་ཆེན་བྱེད། འབྲུག་རྒྱལ་གྱི་ཁྲིམས་ལུགས་ནང་གཏན་འབེབས་བྱས་པ་ལྟར་ན། མ་མཐའ་ཡང་རྒྱལ་ཁབ་ཀྱི་ས་ཁོངས་ཀྱི་60% ཡན་ནགས་ཚལ་ཀྱིས་ཁེབས་དགོས་པ་དང་། ད་ལྟ་འབྲུག་རྒྱལ་གྱི་ནགས་ཚལ་ཁྱབ་ཚད་ནི་ཧ་ལམ་ས་ཁོངས་སྤྱིའི་75%ཟིན་ཡོད།

ན་ནིང་། འབྲུག་ཡུལ་དུ་ནང་བའི་དང་བླངས་པ་100 ཡིས་དུས་ཡུན་དུས་ཚོད་གཅིག་ནང་སྡོང་བོ་རྐང་49672 བཙུགས་ཏེ་ཅི་ཉི་སི་འཛམ་གླིང་ཟིན་ཐོ་གསར་བ་ཞིག་བསྐྲུན་པ་རེད།