དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་དང་སུའེ་ཙེར་གྱི་བོད་རིགས་སྤུན་ཟླ་མཇལ་འཕྲད་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-27

    སུའེ་ཙེར་དུ་འཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཚེས་24 ཉིན་སུའུ་ལི་ཧྲིར་སུའེ་ཙེར་གྱི་བོད་རིགས་སྤུན་ཟླའི་འཐུས་མི་ཚོགས་པ་དང་མཇལ་འཕྲད་ཚོགས་འདུ་འཚོགས་ནས་བོད་ཀྱི་ཉེ་བའི་ལོ་ཤས་རིང་གི་དཔལ་འབྱོར་དང་། སྤྱི་ཚོགས་ཐད་འཕོ་འགྱུར་ཆེན་པོ་བྱུང་བའི་སྐོར་ངོ་སྤྲོད་གནང་བ་མ་ཟད། སུའེ་ཙེར་གྱི་བོད་རིགས་སྤུན་ཟླ་དང་ལྷན་དུ་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ལེགས་སྒྲིག་དང་སྲུང་སྐྱོང་། བོད་སྐད་ཡིག་སློབ་ཁྲིད་སོགས་ཀྱི་གནད་དོན་ཐད་ཕན་ཚུན་སྤེལ་རེས་གནང་བ་རེད།

    སྤེལ་རེས་ཚོགས་པའི་ཚོགས་གཙོ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་ལས་རོགས་ཧའོ་ཧྲི་ཡོན་གྱིས་བོད་ལྗོངས་ནི་ཀྲུང་གོའི་འཕེལ་རྒྱས་མགྱོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། ལྷག་པར་དུ་དམངས་འཚོའི་ཐད་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་མོད།འོན་ཀྱང་རྒྱལ་ཡོངས་དང་བསྡུར་ན་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བཞིན་བལྟོས་བཅས་ཀྱིས་རྗེས་སུ་ལུས་ཡོད་པ་དང་། གྲོང་རྡལ་ཅན་དུ་འགྱུར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོད། འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50 འཁོར་བས་ཀྲུང་གོས་བོད་ཀྱི་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་གསར་པ་བཟོ་བཞིན་ཡོད་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་འཕེལ་རྒྱས་ཐད་སྔར་ལས་ལྷག་པའི་སྲིད་ཇུས་དང་། མི་ཤུགས། དངོས་ཤུགས་བཅས་རྒྱབ་སྐྱོར་གནང་རྒྱུ་རེད་ཅེས་ངོ་སྤྲོད་གནང་།

    ཕྱི་ཕྱོགས་ནས་དོ་འཁུར་བྱེད་པའི་བོད་ཀྱི་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གནད་དོན་ལ་དམིགས་ནས།ཧའོ་ཧྲི་ཡོན་གྱིས་ཀྲུང་དབྱང་སྲིད་གཞུང་གིས་བོད་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་ཁྲོད་ཀྱི་ནང་དོན་གཙོ་བོ་ཞིག་ནི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་དེ་རེད་ཅེས་གསུངས་པ་དང་།ད་དུང་ཁོང་གིས་ཀྲུང་གོའི་ཆོས་ལུགས་སྲིད་ཇུས་དང་དེ་བཞིན་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྲུང་སྐྱོབ་ཐད་འབད་བརྩོན་གནང་བའི་སྐོར་ངོ་སྤྲོད་གནང་བ་དང་འབྲེལ།  ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བོད་ཁུལ་གྱི་ཡར་ཐོན་ཐད་མུ་མཐུད་དོ་འཁུར་གནང་དགོས་པའི་རེ་བའང་བཏོན་གནང་།

    སྤེལ་རེས་ཚོགས་པའི་ཁོངས་མི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་རྡོ་རྗེས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཐད་སྤེལ་བའི་ལས་དོན་གཙོ་གནད་དུ་ངོ་སྤྲོད་གནང་བ་དང་།  ལས་དོན་དེ་དག་ཁྲོད་ཧ་ཅང་གལ་ཆེན་ཞིག་ནི《 བཀའ་བསྟན》ལེགས་སྒྲིག་དང་པར་སྐྲུན་བྱས་པ་དེ་ཡིན་ཞིང་། ཁོང་གིས་ལས་དོན་དེ་སྤེལ་བར་ལོ་22 འགོར་བ་དང་། 2009 ལོར་ལེགས་གྲུབ་ཟིན་པ་རེད། 《 ཀྲུང་ཧྭའི་ཚིག་མཛོད་ཆེ་མོའི་· བོད་ཡིག་བམ་པོ》 ཡི་རྩོམ་སྒྲིག་ལས་དོན་ཡང་གཞེས་ནིང་ལོ་ནས་སྤེལ་འགོ་ཚུགས་པ་དང་།ལོ་15 ཡི་ནང་ཚུན་དུ་ལེགས་གྲུབ་ཟིན་པ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་གསུངས།

    སྤེལ་རེས་ཚོགས་པའི་ཁོངས་མི་དང་།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན།ཞིབ་འཇུག་པ་བཅས་ཡིན་པའི་ཀྲུའུ་ཝའེ་ཡིས་བོད་ཀྱི་སྐད་ཡིག་སློབ་གསོའི་འཕེལ་རྒྱས་ཀྱི་གནས་ཚུལ་སྐོར་ངོ་སྤྲོད་གནང་།མཇལ་འཕྲད་ཚོགས་འདུར་ཞུགས་མཁན་གྱི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཕན་ཚུན་གྱི་འབྲེལ་འདྲིས་དང་སྤེལ་རེས་ཐད་ཤུགས་སྣོན་བརྒྱབ་ན་ཕན་ཐོགས་ཆེན་པོ་འདུག བོད་རིགས་ས་ཁུལ་གྱི་མི་དམངས་ཚོའི་འཚོ་བ་བདེ་ཞིང་སྐྱིད་པ་བྱུང་ན་ཁོ་ཚོ་ཡང་བློ་བདེ་པོ་འདུག་ཅེས་གསུངས།

    སུའུ་ལི་ཧྲིར་བཅའ་བཞུགས་ཀྲུང་གོའི་ཕྱི་འབྲེལ་སྤྱི་ཁྱབ་ཁེ་སྐྱོང་བ་མའོ་ཅིང་ཆིའུ་དང་།སུའེ་ཙེར་ལ་བཅའ་བཞུགས་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚན་ཙན་ཅང་ཝའེ་ཆང་སོགས་མཇལ་འཕྲད་ཚོགས་འདུར་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།