དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • པར་ཙིར་གྱིས་བོད་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་ནས་ས་ཁུལ་འཕེལ་རྒྱས་དོ་མཉམ་མེད་པའི་གནད་དོན་ཐག་གཅོད་བྱེད་ཆོག

  •     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲའོ་ཡན་དང་ཁྲེན་ཝུའེ་ཧྭ་ཡིས།   |     སྤེལ་དུས།  2015-04-16

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཤིང་རྩ་བསྟན་འཛིན་ཆོས་གྲགས་ཀྱིས་སྣེ་ཁྲིད་པའི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་འཐུས་མི་ཚོགས་པས་ཚེས་13ཉིན་པར་ཙིར་ལི་གཡོད་རེ་ནེ་ལུའུ་རུ་ས་གནས་ཀྱི་མཁས་དབང་དང་ཕྱིར་སྡོད་སྤུན་ཟླ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་ནི་གྲོགས་པོའི་དབར་ཉམས་མྱོང་སྤེལ་རེས་བྱས་པ་དང་གཉིས་སུ་མ་མཆིས། ཚོགས་ཞུགས་མཁས་དབང་ཚོས་བོད་ཀྱི་འཕེལ་རྒྱས་ཀྱིས་པར་ཙིར་གྱི་ས་ཁོངས་འཕེལ་རྒྱས་དོ་མཉམ་མེད་པའི་གནད་དོན་ཐག་གཅོད་བྱ་ཕྱིར་དྲང་ཕྱོགས་ཀྱི་ཉམས་མྱོང་བྱུང་བའི་ངོས་འཛིན་བྱས་པ་རེད།

    ཤིང་རྩ་བསྟན་འཛིན་ཆོས་གྲགས་ཀྱིས་འཐུས་མི་ཚོགས་པའི་ཁོངས་མི་ཚང་མ་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་ཡིན་པས་ཁོང་ཚོས་རང་ཉིད་ཀྱི་མྱོང་བའི་ཐོག་ནས་བོད་ལ་ལོ་བཅུ་ཕྲག་རིང་བྱུང་བའི་གནམ་ས་བླ་འོག་གི་འགྱུར་ལྡོག་ཤོད་འདོད་ཆེ་བ་མ་ཟད། པར་ཙིར་མི་དམངས་ལ་དངོས་ཡོད་ཀྱི་བོད་ལྗོངས་ངོ་སྤྲོད་ཀྱང་བྱེད་འདོད་ཡོད། དེ་དང་ཆབས་ཅིག་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་པར་ཙིར་དབར་གྱི་འབྲེལ་བ་གོང་འཕེལ་ཡག་པོ་བྱུང་ཡོད་པས་འཐུས་མི་ཚོགས་པས་ད་ཐེངས་པར་ཙིར་དུ་འཚམས་འདྲི་བྱས་པ་བརྒྱུད་ཕན་ཚུན་ཤེས་རྟོགས་གང་ལེགས་དང་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་མཛའ་མཐུན་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཤིང་རྩ་བསྟན་འཛིན་ཆོས་གྲགས་ཀྱིས་བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ས་ཆ་ཞིག་རེད། ཁོང་གིས་གྲངས་གཞི་རབ་དང་རིམ་པར་བརྟེན་ནས་བོད་དུ་བཅིངས་འགྲོལ་མ་བཏང་གོང་དང་བཏང་རྗེས་ཀྱི་ཧེ་བག་བསྡུར་བ་དང་རང་སྐྱོང་ལྗོངས་དབུ་བརྙེས་རྗེས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་རྒྱས་ཐད་ཐོབ་པའི་གྲུབ་འབྲས་དཔེ་མཚོན་དུ་དྲངས་པ་དཔེར་ན། 1951ལོར་བོད་དུ་ཞི་བས་བཅིངས་འགྲོལ་མ་བཏང་གོང་ཞིང་བྲན་ལ་མི་ལུས་རང་དབང་མེད་པ་དང་བོད་ཀྱི་འཚོ་གནས་རྒྱུ་ཆ་ཚང་མ་མི་འབོར་གྱི་བསྡུར་ཚད་5%ལས་མི་བཟུང་བའི་སྐུ་དྲག་གིས་སྟངས་འཛིན་བྱས་ཡོད། བཅིངས་འགྲོལ་བཏང་རྗེས་མི་ཚང་མར་འདེམས་བསྐོའི་དབང་ཆ་བྱུང་ལ་སློབ་གསོ་དང་ལེན་བྱེད་དབང་ཡོད་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་རྫོང་ཁག་སྲིད་གཞུང་གི་འགོ་ཁྲིད་ཕལ་ཆེ་བ་བོད་རིགས་ཡིན་པ་དང་། བཅིངས་འགྲོལ་མ་བཏང་གོང་བོད་ལ་དོན་སྙིང་ངོ་མ་ལྡན་པའི་གཞུང་ལམ་མེད། འོན་ཀྱང་ད་ཆ་རང་སྐྱོང་ལྗོངས་ཀྱི་གཞུང་ལམ་ཧྲིལ་པོའི་རིང་ཚད་སྤྱི་ལེ་ཁྲི་7ལས་བརྒལ་བ་དང་གནམ་ཐང་5ཡོད། 2007ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ན་ནིང་སླར་ཡང་ལྷ་ས་ནས་ནུབ་ངོས་ཀྱི་གཞིས་རྩེ་བར་ལྕགས་ལམ་ཤར་བགྲོད་ཐུབ་ཡོད་ཅེས་ནན་བཤད་གནང་བ་རེད།

    ཤིང་རྩ་བསྟན་འཛིན་ཆོས་གྲགས་ཀྱིས“ཉེ་བའི་ལོ་ཤས་རིང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་འཕར་ཚད་གྲངས་གནས་གཉིས་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་སླད་ཕྱིན་འཕར་ཚུལ་དེ་ལྟ་བུ་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་ཡོད། མིག་སྔར་བོད་ཀྱི་དཔལ་འབྱོར་འཕར་གཞི་དེ་ཡུལ་སྐོར་ལས་རིགས་དང་། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ཞབས་ཞུའི་ལས་རིགས་སོགས་སུ་གཅིག་སྡུད་བྱས་ཡོད། ང་ཚོས་རང་བྱུང་ཐོན་ཁུངས་ལ་གཙོ་བོ་བརྟེན་ནས་འཕེལ་རྒྱས་གཏོང་བ་དང་དུས་མཚུངས་ཁོར་ཡུག་སྲུང་སྐྱོང་ལ་དམིགས་བསལ་གྱིས་དོ་སྣང་བྱེད་པ་དང་སྦྲགས་སྦགས་བཙོག་མེད་པའི་ཆུ་དང་། ཉི་ནུས། རླུང་ནུས་སོགས་ཐོན་ཁུངས་གསར་སྤེལ་བྱེད་ཀྱི་ཡོད། ང་ཚོས་རང་བྱུང་ཁམས་ཀྱི་ཐོན་ཁུངས་དེ་དག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་ངོ་སྤྲོད་གནང་བ་རེད།

    ངོ་སྤྲོད་དེ་དག་གསན་རྗེས་པར་ཙིར་གྱི་མཁས་དབང་ཚོར་མྱོང་ཚོར་ཟབ་མོ་བྱུང་ཞིང་། པར་ཙིར་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་གནད་དོན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དགེ་རྒན་ཆེ་མོ་བ་སའེ་ཝུའེ་ལི་ནུའོ·ཁ་པུའུ་ལར་གྱིས་ཉེ་བའི་ལོ་ཤས་རིང་པར་ཙིར་དང་ཀྲུང་གོའི་དབར་གྱི་འབྲེལ་བ་རྒྱུན་སྲིང་འཕེལ་རྒྱས་བྱུང་ནའང་སྔར་བཞིན་འཕེལ་རྒྱས་གཏོང་གཞི་ཆེན་པོ་ཡོད། མིག་སྔའི་འཛམ་གླིང་དུ་ཞི་བདེ་དང་འཕེལ་རྒྱས་བརྗོད་དོན་གཙོ་བོར་གྱུར་པས་རྒྱལ་ཁབ་གཉིས་པོས་དྲང་ཕྱོགས་ཀྱི་ཉམས་མྱོང་སྔར་བས་གང་མང་མང་མཉམ་སྤྱོད་བྱེད་དགོས། བོད་ཀྱི་འཕེལ་རྒྱས་ཐོག་ནས་ཀྲུང་གོར་ཉེ་བའི་ལོ་ཤས་རིང་ས་ཁོངས་འཕེལ་རྒྱས་དོ་མཉམ་མེད་པའི་གནད་དོན་ཐག་གཅོད་ཐད་ཐོབ་པའི་གྲུབ་འབྲས་བཟང་པོ་མཐོང་ཐུབ། པར་ཙིར་གྱིས་འཕེལ་རྒྱས་དང་ཁོར་ཡུག་དབར་གྱི་འབྲེལ་བ་དང་ས་ཁོངས་འཕེལ་རྒྱས་དོ་མཉམ་མེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཀྲུང་གོས་བོད་ཀྱི་དཔལ་འབྱོར་གོང་འཕེལ་བཏང་བའི་ཉམས་མྱོང་དཔྱད་གཞིར་འཛིན་ཆོག་ཅེས་བཤད་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་པར་ཙིར་གྱི་མཁས་དབང་རྣམ་པའི་སེམས་རྩ་འཁོལ་པོ་དེར་འཐུས་མི་ཚོགས་པའི་ཁོངས་མི་སྐལ་བཟང་རིན་ཆེན་ཧང་སངས་མེད། གང་ལགས་ཤེ་ན། པར་ཙིར་དུ་སླེབས་འཕྲལ་ཁོང་ལ་ས་གནས་དེའི་མི་ཚོ་སེམས་རྩ་འཁོལ་པོ་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་བས་ཡིན། ཁོང་གིས“པར་ཙིར་གྱི་ཁྲོམ་གཞུང་དུ་འཆམ་འཆམ་བྱེད་སྐབས་པར་ཙིར་བ་མི་ཉུང་བ་ཞིག་གིས་ང་ཚོར་འཚམས་འདྲི་བྱེད་ཀྱི་འདུག དགོང་མོར་བརྙན་འཕྲིན་ལྟ་སྐབས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གསར་འགྱུར་ཁོ་ན་ཁག་གསུམ་འདུག་པས་འདིར་ངས་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་དབར་སྤེལ་རེས་རྒྱ་ཁྱབ་བྱེད་པ་མཐོང་ལ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་སྔར་བས་ཇེ་ཟབ་ཏུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།