དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ལྗར་པན་གྱི་ལྷ་རི། ཧྥུ་རྗི་རི་བོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-29

    ལྗར་པན་ཞེས་གླེང་མ་ཐག་མི་ཡོད་དོ་ཅོག་གི་བློ་ངོར་འཆར་འོང་བ་ནི་ཧྥུ་རྗི་རི་བོ་དང་སྲེའུ་ཤིང་གི་མེ་ཏོག་ཡིན། དངོས་གནས་དེ་འདྲ་ཞིག་ཡིན་ཏེ་ལྗར་པན་གྱི་ཆེས་མཐོ་བའི་རི་བོ་སྟེ། ཧྥུ་རྗི་རི་བོ་ནི་ལྗར་པན་མཚོན་བྱེད་གྲས་ཀྱི་གཅིག་ཏུ་གྱུར་ཡོད།

    རི་བོ་དེ་པུན་ཀྲོའུ་གླིང་ཕྲན་གྱི་དཀྱིལ་དབུས་ལྷོ་མར་ཆགས་ཤིང་། མཐོ་ཚད་ལ་རྒྱ་མཚོ་ངོས་ལས་སྨིས3776ཡོད་པ་དང་། རི་རྩེ་བར་སྣང་དུ་ཟུག་ཅིང་ཁ་བས་གཡོགས་པ། རིའི་དབྱིབས་སྙུང་གཟུགས་སུ་ཡོད་པས་བར་སྣང་ནས་ལྡོག་ཏུ་དཔྱངས་པའི་རླུང་གཡོབ་ཅིག་དང་འདྲ་ལ། ལྗར་པན་གྱི་སྙན་ངག་པས་ཀྱང་། གཡང་ཊིའི་རླུང་གཡོབ་ཤར་མཚོའི་མཐོངས་སུ་ལྡོག་ཏུ་དཔྱངས།། ཧྥུ་རྗི་ཁ་བ་ཉི་གཞོན་གསར་བའི་འོད་ལ་འཁུ།། ཞེས་པ་སོགས་སྙན་ཚིག་གིས་དེ་ཉིད་ལ་བསྔགས་བརྗོད་བྱས་ཡོད། ལྗར་པན་མི་དམངས་ཀྱིས་དེ་ལས་ཀྱང་ལྷ་རི་ཞེས་མཆོད་ཅིང་བསྟོད།

    གདོད་མ་ཉིད་ནས་ཧྥུ་རྗི་རི་བོ་ནི་ལྗར་པན་གྱི་སྲོལ་རྒྱུན་ཏེ། གནས་རི་ལ་དད་མོས་བྱེད་སའི་གནས་གཙོ་བོ་ཡིན་ལ། ལོ་རེར་ཟླ་བདུན་པ་དང་བརྒྱད་པ་ནི་རི་འཇེག་གི་དུས་ཚིགས་བཟང་ཤོས་ཡིན་པས། མི་རྣམས་འགྲན་རྩོད་བྱེད་པ་བཞིན་དེ་གར་འོངས་ནས་རི་མགོར་འཛེགས་ཏེ།  ཉི་ཤར་གྱི་ལྷའི་འོད་སྣང་ལ་དགའ་བས་རོལ་བ་ཡིན། རི་བོ་དེའི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨིས2300ཡན་ཆད་དུ་ཧ་ལམ་མེ་རིའི་བྲག་ཞུན་དང་མེ་རིའི་རྡེའུ་གཟེགས་ཀྱིས་ཁྱབ་ཡོད་པ་དང་། སྨིས2000མན་དང་རི་འདབས་སུ་མཚེའུ་དང་། རྦབ་ཆུ། ནགས་ཚལ་སོགས་ཀྱིས་བརྒྱན་ཡོད་པས་ཡུལ་ལྗོངས་ཧ་ཅང་མཛེས། དེའི་ཕྱིར། རི་རྩེར་མ་འཛེགས་ཀྱང་། ཉེ་གན་དུ་འགྲེང་ནས་བལྟས་ནའང་དུས་བཞིའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མིག་གི་དཔལ་ལ་ཉམས་སུ་མྱོང་ཐུབ།

    ཧྥུ་རྗི་རི་བོ་ནི་འཐུས་ཚབ་རང་བཞིན་གྱི་བརྩེགས་རིམ་ལྡན་པའི་མེ་རི་ཞིག་ཡིན་ལ། འཕྱུར་ཐེངས་རྗེས་མ་ནི་སྤྱི་ལོ1707ལོ་ཡིན།  དུས་ད་ལྟ་མེ་རི་ཤི་བོ་ཞིག་ཏུ་གྱུར། མེ་རི་འཕྱུར་བས་རི་རྐེད་དུ་བགྲང་གིས་མི་ལང་བའི་དབྱིབས་སྣ་ཚོགས་ཀྱི་བྲག་ཕུག་གྲུབ་ཅིང་། དེ་དག་ལས་ཆེས་མཛེས་པ་ནི་ཧྥུ་ཡིའུ་ཧྥེང་བྲག་ཕུག་ཡིན་ལ། བྲག་ཕུག་གི་ཀླད་ངོས་སུ་ལོ་འཁོར་མོར་མི་ཞུ་བའི་ཀ་གཟུགས་འཁྱགས་དར་གྱིས་ཁེངས་ཡོད་དེ། དེ་ལ་ཁྲི་ལོའི་ཁ་བ་ཞེས་ཀྱང་བརྗོད། མདོར་ན་ཧྥུ་རྗི་རི་བོ་ནི་མི་ཡུལ་དུ་མཐོང་དཀོན་པའི་ཁྱད་མཚར་བའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་གོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།