
ལྕགས་ཟམ་ཆེ་མོ་དེ་ནི་འཛམ་གླིང་ཐོག་གི་ལྕགས་ཟམ་ཆེ་ཤོས་ཡིན་པ་དང་1779ལོར་བསྐྲུན་ཞིང་། ད་བར་ལོ་230ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།
སྐྱེ་བོ་སུ་ཞིག་ཡིན་རུང་དབྱིན་ཇིར་སྐྱོད་སྐབས་ལྕགས་ཟམ་ཆེ་མོར་ལྟ་བར་འགྲོ་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། དེ་ནི་འཛམ་གླིང་ཐོག་གི་ལྕགས་ཟམ་ཆེ་ཤོས་དེ་ཡིན་པ་དང་། 1779ལོར་བསྐྲུན་པ་དང་ད་བར་ལོ་ངོ་230ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།
ཧྲེ་ལུའོ་ཕུའུ་ཅུན་ནི་དབྱིན་ཀེ་ལན་གྱི་མི་འབོར་ཉུང་ཤོས་ཀྱི་གྲོང་གསེབ་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། རིང་ཚད་སྤྱི་ལེ་354ཡོད་པའི་དབྱིན་ཇིའི་ཆུ་བོ་རིང་ཤོས་ཏེ་སའེ་ཝུན་ཆུ་བོ་དེ་ཁུལ་ནས་བཞུར་འགྲོ་གི་ཡོད། སའེ་ཝུན་ཆུ་བོའི་ཐོག་བསྐྲུན་པའི་ལྕགས་ཟམ་ཆེན་པོ་དེ་ནི་འཇའ་དབྱིབས་ལས་གྲུབ་པ་དང་དེའི་རིང་ཚད་དབྱིན་ཁྲེ(དབྱིན་ཁྲེ་གཅིག་ལ་སྨི་0.3ཙམ་ཡོད)100དང་། མཐོ་ཚད་དབྱིན་ཁྲེ་52 ཞེང་ཚད་ལ་དབྱིན་ཁྲེ་18བཅས་ཡོད་པ་དང་ཚང་མ་རྒྱུ་ཆ་ལྕགས་ལས་གྲུབ་པ་དང་ལྗིད་ཚད་ཏུན་བརྒྱ་ཕྲག་ཁ་ཤས་ཡོད། འཛམ་གླིང་ཐོག་རིགས་གཅིག་མཚུངས་ཀྱི་སྐྲུན་དངོས་ཁྲོད་ཀྱི་ལྕགས་ཟམ་ཆེ་ཤོས་དེ་ཡིན་པའི་ངོས་ནས་དབྱིན་ཀེ་ལན་གྱི་སའེ་ཝུན་ཆུ་བོའི་ཐོག་གི་ལྕགས་ཟམ་ཆེན་པོ་དེར་དུས་རབས་18པའི་གནའ་ཉམས་དང་མཛེས་ཉམས་དང་མཐུན་པའི་རྣམ་པ་ཞིག་ཡོད་ལ་དེས་ཚན་རིག་གོང་འཕེལ་དང་ཨར་ལས་རིག་པ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད།
སྔོ་ཞིང་དྭངས་བའི་རི་ཆུས་བརྒྱན་པའི་གནའ་བོའི་བཟོ་ལས་ཁུལ་རྙིང་པ་དེར་འཛམ་གླིང་རྒྱལ་ཁབ་ཁག་གིས་དོ་ཁུར་བྱེད་དོན་གཙོ་བོ་ནི་འཛམ་གླིང་ཐོག་བཟོ་ལས་གནའ་ཤུལ་བརྗོད་བྱ་གཙོ་བོར་བྱས་པའི་འཛམ་གླིང་རིག་གནས་ཤུལ་བཞག་ཅིག་ཡིན་པས་རེད།
ལྕགས་ཟམ་དང་བར་ཐག་མི་རིང་བའི་སར་ལྕགས་ཟམ་གྲོག་རོང་རྟེན་རྫས་བཤམས་མཛོད་ཁང་གནས་ཤིང་། རྟེན་རྫས་བཤམས་མཛོད་ཁང་དེ་ནི་སྐབས་དེ་དུས་ཀྱི་མཛོད་ཁང་ཞིག་ལས་སྒྱུར་བཟོ་བྱས་པ་ཞིག་ཡིན་པ་དང་དེ་ནི་གཏེར་འདོན་ཁུལ་དང་། ལུགས་རྒྱག་བཟོ་གྲྭ འཁོར་ཁང་། མཛོད་ཁང་བཅས་གཅིག་སྡུད་ཁུལ་ཞིག་རེད། དེ་གར་སྲང་ལམ་དང་། འཁོར་ལམ། གྱེན་ལམ། མིས་བཟོས་གཙང་པོ། ལྕགས་ལམ་བཅས་ལས་གྲུབ་པའི་གནའ་བོའི་སྐྱེལ་འདྲེན་དྲ་རྒྱ་ཞིག་ཆགས་ནས་སྲོལ་རྒྱུན་གྱི་མཛེས་ཉམས་དང་སྡོད་ཁང་སྐྲུན་དངོས་མཉམ་གནས་ཀྱི་རྣམ་པ་ཞིག་མངོན་གྱི་ཡོད། རྟེན་རྫས་བཤམས་མཛོད་ཁང་ནང་སྐབས་དེ་དུས་ཀྱི་རོང་ཆུའི་བྱེ་གཞོང་དབྱིབས་དང་ཆུ་ངོགས་སུ་བསྐྱོད་སའི་གྱེན་ལམ་ཞིག་རང་སོར་གནས་ཡོད། སྐབས་དེ་དུས་ཀྱི་རོང་ཆུའི་ལོ་རྒྱུས་གནས་ཚུལ་དངོས་མཚོན་གློག་བརྙན་བལྟས་པ་བརྒྱུད་རོང་ཆུ་དེས་སྐྱེལ་འདྲེན་དང་གཏེར་རྫས་ཀྱི་ལེགས་ཆར་བརྟེན་ནས་དུས་རབས་18ཀྱི་དུས་འགོ་ནས་འཕེལ་རྒྱས་འགྲོ་འགོ་ཚུགས་ནས་མགྱོགས་མྱུར་དེ་ཁུལ་དུ་གཏེར་འདོན་ར་བ་དང་། ལུགས་རྒྱག་བཟོ་གྲྭ ཤོག་བུ་བཟོ་གྲྭ མཛོད་ཁང་སོགས་གཅིག་སྡུད་ཁུལ་དུ་གྱུར་ཏེ་མཐར་དབྱིན་ཇིའི་བཟོ་ལས་གསར་བརྗེ་དར་ཡུལ་གྱི་གྲས་ཤིག་ཏུ་གྱུར་པ་ཤེས་བྱུང་། ལྕགས་ཟམ་ནི་དབྱིན་ཇིའི་བཟོ་ལས་ཀྱི་གྲུབ་འབྲས་མང་དག་ཁྲོད་ཀྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཤིག་ཡིན་ཞིང་། དེས་མི་རྣམས་ལ་དེང་རབས་ལྕགས་བཞུ་བྱེད་ཐབས་དེ་ནས་དར་བའི་དྲན་སྐུལ་བྱེད་ཀྱི་ཡོད། ཏེར་པི་ཡི་ཕ་ནི་ལག་རྩལ་དེ་གསར་གཏོད་བྱེད་མཁན་ཡིན་པ་དང་ཏེར་པི་ནི་ལག་རྩལ་དེ་སྤྱད་དེ་ལྕགས་ཟམ་སྐྲུན་མཁན་དང་པོ་དེ་རེད།
དབྱིན་ཇི་ནི་འཛམ་གླིང་ཐོག་བཟོ་ལས་ཅན་བརྒྱུད་སྔ་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་པ་དང་དུས་མཚུངས་གྲོང་ཁྱེར་ཉམས་དམས་འགྲོ་བ་དང་གྲོང་ཁྱེར་སླར་ཡང་འཕེལ་རྒྱས་ཕྱིན་པའི་རྒྱལ་ཁབ་གཅིག་ཀྱང་ཡིན་ཞིང་། གོ་ལ་ཅན་གྱི་དཔལ་འབྱོར་དུས་སྐབས་ཤར་བ་དང་ཆ་འཕྲིན་ཐོན་ལས་དར་འགོ་ཚུགས་པ་དང་བསྟུན་ནས་དབྱིན་ཇིའི་སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་རིམ་གྱིས་ཉམས་དམས་སུ་འགྲོ་འགོ་ཚུགས། གྲོང་ཁྱེར་འཕེལ་རྒྱས་དང་བཟོ་ལས་ཐད་འགྱུར་ལྡོག་བྱུང་བའི་རྣམ་པའི་མདུན་དུ་དུས་རབས་གོང་མའི་ལོ་རབས་70པ་ནས་བཟུང་དབྱིན་ཇི་སྲིད་གཞུང་གིས་བཟོ་ལས་ཤུལ་བཞག་ཐོན་ཁུངས་སྲུང་སྐྱོབ་དང་བསྐྱར་དུ་འཕེལ་རྒྱས་ཡོང་བའི་ཐད་དོ་ཁུར་ཆེན་པོ་བྱས་ནས་སྔ་རྗེས་སུ་གྲོང་ཁྱེར་གྱི་བཟོ་ལས་བསྐྱར་དར་གྱི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་འབྲེལ་ཚན་རིག་དང་མཐུན་ལ་ནུས་པ་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱས་ཡོད་པ་རེད།
བཟོ་ལས་ཤུལ་བཞག་དེ་ཉིད་གྲོང་ཁྱེར་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་ཀྱི་དམིགས་བསལ་ཤུལ་བཞག་ཅིག་ཡིན་པའི་ངོས་ནས“གྲོང་ཁྱེར་གྱི་ལོ་རྒྱུས་ཤེས་རྟོགས་བྱེད་པའི”གལ་ཆེའི་དཔྱད་གཞིའི་ཡིག་རིགས་ཤིག་ཡིན་ཞིང་། དེའི་རིན་ཐང་དང་ཁྱད་ཆོས་ལྡན་པའི་བཟོ་ལས་ཤུལ་བཞག་གཏན་འཁེལ་དང་སྲུང་སྐྱོབ་བྱེད་པ་དང་འབྲེལ་ལུགས་མཐུན་དང་གསར་སྤེལ་བེད་སྤྱོད་བྱེད་པ་དང་། གྲོང་ཁྱེར་གྱི་ལོ་རྒྱུས་ཉམས་འགྱུར་སྲུང་སྐྱོབ་བྱེད་པ། གྲོང་ཁྱེར་ལ་རིག་གནས་ཀྱི་ཉམས་འགྱུར་སྣོན་པ། གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ཚེ་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད།
དབྱིན་ཇིའི་ལྕགས་ཟམ་ཆེ་མོ་དང་དེའི་འབྲེལ་ཡོད་བཟོ་ལས་ཤུལ་རྙིང་སྲུང་སྐྱོབ་ནུས་ལྡན་བྱེད་པ་དེའི་ཐོག་ནས་དབྱིན་ཇིའི་གྲོང་ཁྱེར་གྱི་རིག་གནས་ཁྱད་ཆོས་མངོན་ནས་དབྱིན་ཇིའི་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་ཕྱིན་པ་མ་ཟད། ད་དུང་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་གསར་སྣོན་ཐུབ་ཡོད། དམིགས་བསལ་གྱི་ལོ་རྒྱུས་དུས་སྐབས་ཀྱི་སྐྲུན་དངོས་ལ་བལྟས་པ་བརྒྱུད་ང་ཚོས་སྐབས་དེ་དུས་ཀྱི་དབྱིན་ཇིའི་བཟོ་ལས་གསར་བརྗེའི་ཇི་མ་ཇི་བཞིན་གྱི་རྣམ་པ་མཐོང་ཐུབ་ལ་གསར་འབྱེད་ཡར་བརྩོན་དང་། དཀའ་ངལ་ལ་མི་སྐྲག་པ། འཚོལ་ཞིབ་བྱེད་ཕོད་པ་བཅས་ཀྱི་བཟོ་ལས་སྔོན་བྱོན་པ་ཚོའི་སྙིང་སྟོབས་ཀྱང་མྱོང་ཚོར་ཐུབ་བྱུང་།