དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>འགོ་བརྗོད་གསར་འགྱུར།
  • བོད་ཤར་མུ་ཏིག་ཆབ་མདོ་མཛེས།

    —— བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་ཚུན་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-10

    མཛེས་སྡུག་ལྡན་པའི་ཆབ་མདོ་གྲོང་གི་ཟུར་ཞིག

    ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་འཛུགས་ཡུལ་དང་པོ་དེ་རེད།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་། བོད་ཀྱི“ཨང་དང་པོ”མང་པོ་བཏོད་པའི་ཆབ་མདོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ངར་སེམས་ཆེར་སྐྱེད་དང་བློ་བརྟན་འགྱུར་མེད་ཀྱིས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བསུས་པ་རེད།

    སློབ་གསོ་དང་སྨན་བཅོས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་ནས་བདེ་སྐྱིད་ཀྱི་ལེའུ་གསར་པ་རྩོམ་པ།

    2025ལོའི་ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོའི་ཚོགས་ཆེན་ཐོག “ཆབ་མདོའི་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་སློབ་གསོའི་གྲོང་ཁྱེར་སྟོབས་ཆེན་སྐྲུན་པའི”ལས་ཀའི་དམིགས་ཚད་དངོས་སུ་བཏོན་ནས་། དུས་ཚོད་རེའུ་མིག་དང་ལས་འགན་དཔེ་རིས་ཁ་གསལ་བཟོས་པ་རེད།

    གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཆབ་མདོ་གྲོང་ཁྱེར་གྱིས་སློབ་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར་21.13བཏང་ནས། སློབ་གྲྭ་264གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། སློབ་གནས་ཁྲི་1.3ལྷག་ཙམ་གསར་དུ་བསྣན་པ། མ་དངུལ་སྒོར་དུང་ཕྱུར་11.28བཏང་སྟེ་སློབ་གྲྭའི་དྲོད་གཏོང་རྣམ་གྲངས་396ལག་བསྟར་བྱས་པ་བཅས་རེད། ཉེ་བའི་ལོ་ལྔའི་རིང་རིམ་རྩིས་བརྒྱབ་ན། “འགན་ལེན་གསུམ”ལ་མ་དངུལ་སྒོར་དུང་ཕྱུར་33.1བཏང་བར་སློབ་མ་མི་ཐེངས་ཁྲི་76.09ལ་ཕན་པ་ཐོབ་པ་དང་། འཚོ་བཅུད་ལེགས་སུ་གཏོང་བར་མ་དངུལ་སྒོར་དུང་ཕྱུར་5.32བཏང་བར་སློབ་མ་མི་ཐེངས་ཁྲི་54.41ལ་ཕན་པ་ཐོབ་པ། དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་སློབ་རིམ་ཁག་ལ་ཁྱབ་ནས་ཉེ་བའི་ལོ་ལྔའི་ནང་སློབ་མ་མི་ཐེངས་ཁྲི་2.86ལ་རོགས་སྐྱོར་བྱས་པར་ཁྱོན་དངུལ་གྲངས་སྒོར་དུང་ཕྱུར་1.6བཏང་ཡོད།

    ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དོན་གྲུབ་ཀྱིས་གསར་འགོད་པར་བརྗོད་དོན། 2025ལོའི་ཟླ་བ་བརྒྱད་པའི་བར། ཆབ་མདོར་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1215དང་སྨན་དོན་པ་3800ལྷག་ཙམ་ཡོད་པས། “གྲོང་ཚོ་གཅིག་ལ་སྨན་པ་གཉིས”ཀྱི་གཞི་རྩའི་དགོས་མཁོ་སྐོང་ཐུབ་པ་དང་། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་ཚད་98.46%ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་དང་སྤྱི་ཚོགས་རྒན་གསོ་འགན་བཅོལ་ཡོངས་སུ་ཁྱབ་པ། ཤང(གྲོང་རྡལ)འཕྲོད་བསྟེན་ཁང་ནས་སྨན་བཅོས་འགན་བཅོལ་ཐད་ཀར་རྩིས་ཞུ་བྱེད་ཆོག་པ་བཅས་ལས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ནད་གཞི་ལྟ་བ་དང་སྨན་བཅོས་བྱེད་པར་དེ་བས་སྟབས་བདེ་བསྐྲུན་ཡོད། ལྗོངས་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་འབའ་ཞིག་ཡིན་པའི་ཆབ་མདོ་ཉིད་2024ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་རྣམ་གྲངས་གྲོང་ཁྱེར་དུ་བདམས་པས། ཆབ་མདོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྔར་བས་སྣོན་ངེས་རེད།

    ནུས་རྒྱུ་གཙང་མའི་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་པ།

    དེ་རིང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཡང་དག་པའི་ཁྲིད་སྟོན་འོག ཆབ་མདོས་རང་ངོས་ཀྱི་ཆུ་ནུས་དང་། རླུང་ནུས། ཉི་ནུས་བཅས་ཕུན་སུམ་ཚོགས་པའི་ཐུན་མིན་གྱི་ལེགས་ཆར་དམ་འཛིན་ཡག་པོ་བྱས་ཏེ། བོད་ཤར་གྱི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་པའི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ནས། ནུས་ཤུགས་ཡོད་རྒུས་ནུས་རྒྱུ་གཙང་མའི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་འཕེལ་རྒྱས་གཏོང་སྟངས་གསར་པ་བཙུགས་ཏེ། འབྲི་ཆུ་དང་། རྫ་ཆུ། བོད་ཤར་ལྷོ(གཡུ་རྫ)བཅས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་ཆེན་པོ་གསུམ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད།

    མིག་སྔའི་བར། ཆབ་མདོ་གྲོང་ཁྱེར་དུ་བསྐྲུན་དང་སྐྲུན་བཞིན་པའི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཆན་ཝ་ཁྲི་1740ཟིན་ནས་ལྗོངས་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་བསྡོམས་འབོར་གྱི་བཅུ་ཆ་དྲུག་ཙམ་བཟུང་ཡོད། གཞན་ཡང་གྲོང་ཁྱེར་ཡོངས་ཀྱི་འོད་ཤུགས་རྣམ་གྲངས་ཀྱིས་རིམ་རྩིས་བརྒྱབ་ན་མང་ཚོགས་ལ་ས་ཆའི་བོགས་དངུལ་སྒོར་དུང་ཕྱུར་2.8ཙམ་སྤྲད་ཡོད། ནུས་རྒྱུའི་རྣམ་གྲངས་གལ་ཆེན་གྱིས་ས་ཁོངས་ཀྱི་ཐོན་ཁུངས་འཕེལ་རྒྱས་བཏང་ནས་ས་གནས་དེ་གར་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ་མ་ཟད། མི་སེར་རྣམས་སྒོ་རྩ་ནས་ལས་ཞུགས་ཐུབ་པ་དང་འབབ་འཕར་བྱུང་སྟེ། ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་ལས་ཕན་པ་ཐོབ་མཁན་དུ་གྱུར་ཡོད།

    རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་བྱས་ནས་གསེར་རི་དངུལ་རིའི་ཕན་པ་ཐོབ་པར་བྱེད་པ།

    སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་ནི་ཆབ་མདོ་གྲོང་ཁྱེར་གྱིས་ལོ་མང་རིང་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པའི་འཕེལ་རྒྱས་ཀྱི་རྨང་གཞི་ཞིག་རེད། ད་ཆའི་ཆབ་མདོས་ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ལ་མཉམ་དུ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། རྫོང་དང་ཆུས་ཁག་གིས་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་ཐོག་ནུས་ཤུགས་བཏོན་ནས་སྐྱེ་ཁམས་སྲུང་སྐྱོང་བསྐྱར་གསོ་དང་། ཁོར་ཡུག་སྤུས་ཚད་ལེགས་གཏོང་། ལྗང་མདོག་འཕེལ་རྒྱས་ཕྱོགས་སྒྱུར་སོགས་ཀྱི་ཐད་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་འགོད་བཞིན་ཡོད།

    2024ལོའི་བར། ཆབ་མདོ་གྲོང་ཁྱེར་གྱི་ནགས་ཚལ་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་3.82ཟིན་པ་དང་། ནགས་ཚལ་ཁེབས་ཚད་34.78%ཟིན་པ། ནགས་སའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་5.02ཟིན་པ། རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་5.09ཟིན་པ། རྩྭ་ཐང་སྔོ་ཁེབས་ཕྱོགས་བསྡུས་ཁེབས་ཚད་78.04%ཟིན་པ། གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་ཚད་100%ཟིན་པ། གཙང་པོ་དང་ཆུ་བོ་དང་མཚེའུ་གལ་ཆེན་གྱི་ཆུའི་སྤུས་ཚད་སྤྱི་ཡོངས་ནས་རིམ་པ་གསུམ་པ་དང་དེ་ཡན་རྒྱུན་འཁྱོངས་བྱས་པ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལོན་ཚད་100%ཟིན་པ་བཅས་རེད།

    ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་བ་ལྟར། སྐྱེ་ཁམས་ལས་བྱུང་བའི་ཕན་པ་ཆབ་མདོའི་ས་ཆ་ཁག་ཏུ་མངོན་བཞིན་མཆིས། བྲག་གཡབ་རྫོང་གིས་དཔལ་འབྱོར་ནགས་ཚལ་མུའུ་ཁྲི་1.2བཏབ་ནས་ཤིང་ཏོག་སྐམ་རློན་གྱི་ལོའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་སྟོང་ལྷག་ཟིན་ཏེ་དུད་ཚང་1680ལ་འབབ་འཕར་སྒོར་ཁྲི་1257ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་། གོ་འཇོ་རྫོང་གིས་ལྷ་ཐོ་འདམ་རའི“གྲགས་ཅན་མིང་བྱང”ལ་བརྟེན་ནས“སྐྱེ་ཁམས་དང་རིག་གནས་ཡུལ་སྐོར”ཟུང་འབྲེལ་གྱི་མཉམ་འདྲེས་འཕེལ་རྒྱས་ལམ་བུ་ཇུས་འགོད་ཞིབ་ཚགས་བྱས་པ། 2024ལོར་དཔའ་ཤོད་རྫོང་གིས་ཁ་གསབ་མ་དངུལ་སྒོར་4347སྤྲད་པར་མི་12420ལ་ཕན་པ་ཐོབ་ཡོད། “སྔོ་སྲུང”དང“ཕྱུག་འགྱུར”གྱི་གཉིས་ཁེའི་རྣམ་པ་དངོས་འབྲེལ་མངོན་འགྱུར་བྱུང་སྟེ་བོད་ཤར་གྱི་རི་སྔོན་ཆུ་དྭངས་མང་ཚོགས་ཀྱི་གསེར་རི་དངུལ་རིར་འགྱུར་བར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།