དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>བོད་ཀྱི་འཕོ་འགྱུར།
  • རབ་བྱུང་གཅིག་རིང་འབད་འབུངས་བྱས། གངས་ལྗོངས་ས་མཐོར་ལེའུ་གསར་བརྩམས།

    —— ལོ་ངོ་60ཡི་རིང་བོད་ཀྱི་ལུས་རྩལ་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     རྩོམ་པ་པོ།  ཧོང་ཡའོ་མན།   |     སྤེལ་དུས།  2025-09-12

    1965ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་དང་དེའི་མི་དམངས་སྲིད་གཞུང་བཙུགས་པའི་ཁྱབ་བསྒྲགས་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་སྐྱོད་འགོ་ཚུགས། ཚད་ལྡན་གྱི་ལུས་རྩལ་ཐང་གཅིག་ཀྱང་མེད་པ་ནས་ལུས་རྩལ་ཐང་ཁྲི་ལ་ཉེ་བ་གངས་ལྗོངས་ས་མཐོར་ཁྱབ་པའི་བར་དང་། རྒྱལ་སྤྱིའི་འགྲན་རར་སྐྱོད་པའི་གོ་སྐབས་མེད་པ་ནས་འཛམ་གླིང་གི་ཨང་དང་པོ་ཡང་ཡང་ཐོན་པའི་བར་སོགས་རབ་བྱུང་གཅིག་གི་ནང་བོད་ཀྱི་ལུས་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལུས་རྩལ་འདི་ཉིད་མི་དམངས་ཀྱི་གཟུགས་གཞི་ཐང་དུ་གཏོང་བ་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ས་མཐོའི་མང་ཚོགས་ལ་བདེ་ཐང་གི་གསོན་ཤུགས་བསྣན་ཡོད། དེ་བས་བོད་ཀྱི་ལུས་རྩལ་བྱ་གཞག་ཡར་རྒྱས་ཆེན་པོ་བྱུང་བ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།

    ལུས་རྩལ་སྒྲིག་བཀོད་གང་ཡང་མེད་པ་ནས་གང་དགོས་ཚང་འཛོམས་སུ་གྱུར་པ།

    ད་ལོ་ལོ་81ལ་སླེབས་པའི་དོན་རྡོར་གྱིས“ཆུང་དུས་ལུས་རྩལ་བྱེད་སྒོ་ཟེར་བ་གང་ཡང་མཐོང་རྒྱུ་མེད། ཉིན་ལྟར་ལས་ཀ་ཚར་རྒྱུ་མེད་པ་བྱེད་དགོས”ཞེས་ཕྱིར་དྲན་བྱེད་བཞིན་བརྗོད། ཁོང་ནི་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གི་ཞིང་བྲན་ཞིག་གི་ཁྱིམ་དུ་སྐྱེས་པ་དང་། ཕ་མ་གཉིས་ཉིན་ལྟར་ཞིང་བྲན་བདག་པོའི་གཞིས་ཀར་ངལ་རྩོལ་བྱེད་པར་འགྲོ་དགོས།

    1959ལོར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་སྟེ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ། 1965ལོར་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་དང་མི་རིགས་ཁག་གི་མི་དམངས་རྣམས་དངོས་སུ་རང་ཁྱིམ་རང་བདག་བྱུང་ཡོད།

    1985ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་20འཁོར་བའི་མཚམས་སུ་བོད་ཀྱི་དེང་རབས་ཅན་གྱི་ནུས་མང་ལུས་རྩལ་ཁང་དང་པོ་དེ་བསྐྲུན། དུས་རབས་21པར་སླེབས་རྗེས། བོད་ཀྱི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མྱུར་དུ་སོང་ཞིང་། 2014ལོར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་25.8ཙམ་བཟུང་བའི་ལྷ་ས་གྲོང་ཁྱེར་རིག་གནས་ལུས་རྩལ་ལྟེ་གནས་བསྐྲུན་ཟིན་ཏེ་སྤྱོད་འགོ་ཚུགས་ནས་ལྷ་སའི་གྲོང་མིའི་རྒྱུན་གཏན་གྱི་ལུས་སྦྱོང་དང་སྤྲོ་གསེང་བྱེད་སྒོ་སྤེལ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། 2024ལོའི་ལོ་མཇུག་བར་བོད་དུ་ཁྱོན་ལུས་རྩལ་ཐང་9189ཡོད་པ་དང་མི་རེའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་1.96ཟིན་ཡོད་པ་རེད།

    “རྒྱལ་ཁབ་ཀྱིས་བོད་ལ་ཐུགས་ཁུར་གནང་སྟེ་ལུས་སྦྱོང་གི་ཆ་རྐྱེན་བཟང་པོ་འདི་འདྲ་མང་པོ་བསྐྲུན་པ་དེ་སྔོན་ཆད་བློ་ཡུལ་དུ་ཡང་འཁོར་མྱོང་མེད”ད་ཆ་དོན་རྡོར་ཉིན་ལྟར་སྔ་དྲོ་ཐའེ་ཅི་དྲག་རྩལ་ཞོགས་སྦྱོང་ས་ཚིགས་སུ་གྲོགས་པོ་ཚོ་དང་མཉམ་དུ་ཐའེ་ཅི་དྲག་རྩལ་རྩེ་བར་འགྲོ་ཡི་ཡོད། ཁོང་གིས“ཚང་མས་ཉིན་ལྟར་ཐའེ་ཅི་དྲག་རྩལ་མཉམ་དུ་སྦྱངས་པ་དེས་གཟུགས་པོར་སྦྱོང་བརྡར་ཐུབ་པ་མ་ཟད། ད་དུང་ཕན་ཚུན་སྐུལ་ལྕག་དང་རོགས་རམ་ཡང་ཐུབ་ནས་འཚོ་བ་དེ་བས་སྤྲོ་སྣང་དང་བདེ་སྐྱིད་ལྡན་པ་ཞིག་འདུག”ཅེས་བཤད།

    ལུས་རྩལ་རྣམ་གྲངས་རི་འཛེག་ནས་སྣ་མང་བར་ཚད་བརྒལ་བྱུང་བ།

    རི་འཛེག་ལུས་རྩལ་གྱིས་ཀྲུང་གོ་གསར་པའི་ལུས་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་བཟུང་ཡོད་པ་དེ་ནི་ཀྲུང་གོའི་ལུས་རྩལ་རྩེར་སོན་བརྩོན་ལེན་བྱེད་པའི་བསམ་པའི་དར་ཆ་ཞིག་རེད། ཀྲུང་གོའི་རི་འཛེག་ལོ་རྒྱུས་ཀྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་རེ་རེའི་རྒྱབ་ཏུ་བོད་ཀྱི་རི་འཛེག་ལུས་རྩལ་པའི་གཟུགས་བརྙན་མཐོང་རྒྱུ་ཡོད།

    1960ལོའི་ཟླ་5པར། བོད་རིགས་ལུས་རྩལ་པ་མགོན་པོ་དང་། ཝང་ཧྥུའུ་ཀྲོའུ། ཆུས་དབྱིན་ཧྭ་བཅས་ཀྱིས་ཇོ་མོ་གླང་མའི་བྱང་ངོས་ནས་རི་རྩེར་བདེ་བླག་ངང་ཐེངས་དང་པོར་འཛེགས་ནས་འཛམ་གླིང་རི་འཛེག་ལོ་རྒྱུས་ཀྱི་ངོ་མཚར་བཏོད་ཡོད། དེ་རྗེས་བོད་ལྗོངས་རི་འཛེག་རུ་ཁག་གིས་གྲུབ་འབྲས་བཟང་པོ་ཡང་ཡང་བཏོད་པ་སྟེ། 1975ལོར་ཀྲུང་གོའི་རི་འཛེག་རུ་ཁག་གི་དཔའ་རྒོད་དགུ་ཡིས་སླར་ཡང་ཇོ་མོ་གླང་མའི་བྱང་ངོས་ནས་རི་རྩེར་འཛེགས་པ་དང་། བོད་རིགས་རི་འཛེག་པ་ཕན་ཐོགས་འཛམ་གླིང་ཐོག་ཇོ་མོ་གླང་མའི་བྱང་ངོས་ནས་རི་རྩེར་འཛེག་མཁན་བུད་མེད་དང་པོར་གྱུར་ཡོད། 2008ལོར་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མའི་རྩེ་མོར་གྲུབ་འབྲས་ཐོབ་པའི་ངང་བརྒྱུད་སྤྲོད་བྱས་པ། 2020ལོར་ཀྲུང་གོའི་ཚད་འཇལ་རི་འཛེག་རུ་ཁག་གིས་སླར་ཡང་ཇོ་མོ་གླང་མར་འཛེགས་ནས་ཐིག་ལེན་ལས་འགན་ལེགས་སྒྲུབ་བྱས་པ་ལ་སོགས་རི་འཛེག་ལུས་རྩལ་པ་མི་རབས་ནས་མི་རབས་ཀྱིས་འཛམ་གླིང་ཡང་རྩེར་ཀྲུང་གོའི་མཐོ་ཚད་བཀོད་པ་དེ་ཐོག་ནས་མི་རིགས་ཀྱི་རི་འཛེག་སྙིང་སྟོབས་མངོན་ཡོད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས། རི་འཛེག་ལས་འགུལ་ཙམ་མ་ཟད། བོད་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་འགན་སྲུང་ཐུབ་ནས་མི་དཀྱུས་མ་གྲངས་ལས་འདས་པ་རི་ཁུག་དང་འབྲོག་ར་ནས་ཐོན་ཏེ་ལུས་རྩལ་བརྒྱུད་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱུང་བ་མ་ཟད། སྐར་ལྔའི་དར་དམར་འཛམ་གླིང་ས་ཕྱོགས་གང་སར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད།

    1982ལོར་འཕེན་མདུང་བདམས་ཐོན་པ་ཕུར་བུ་ཚེ་རིང་རྒྱ་གར་གྱི་རྡི་ལི་གསར་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ་དེ་ནི་བོད་ཀྱི་ལུས་རྩལ་པས་ཀྲུང་གོའི་ཚབ་བྱས་ནས་རྒྱལ་སྤྱིའི་འགྲན་རར་ཞུགས་ཐེངས་དང་པོ་རེད།

    1988ལོར་མདའ་འཕེན་བདམས་ཐོན་པ་རྡོ་རྗེ་ཆོས་དབྱིངས་ཀྱིས་ཨོ་རྩལ་འགྲན་ཚོགས་སྐབས་24པར་ཞུགས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་གར་སྟེགས་ཐོག་སྐྱོད་མཁན་བོད་ཀྱི་ལུས་རྩལ་པ་དང་པོར་གྱུར།

    2011ལོར་སྦེ་གའི་བདམས་ཐོན་པ་ཤི་ལོག་སྒྲོལ་མས་འཛམ་གླིང་སྦེ་གའི་ལེགས་སྐྱེས་འགྲན་བསྡུར་ཐོག་ཨང་དང་པོ་བླངས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་རྩལ་འགྲན་ལུས་རྩལ་གྱི་འཛམ་གླིང་གི་ཨང་དང་པོ་ཐོབ་མཁན་དང་པོར་གྱུར་པ་སོགས་རེད།

    བསྡོམས་རྩིས་བརྒྱབ་པ་ལྟར་ན། 2013ལོ་ནས་2024ལོའི་བར། བོད་ཀྱི་ལུས་རྩལ་པས་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་བསྡུར་ནང་ཞུགས་ནས་ཁྱོན་རྟགས་མ་823བླངས་པའི་ནང་གསེར་གྱི་རྟགས་མ་289དང་། དངུལ་གྱི་རྟགས་མ་219 ཟངས་ཀྱི་རྟགས་མ་315བཅས་ཡོད་པ་རེད།

    ལུས་རྩལ་ཐོན་ལས་དཔལ་འབྱོར་གྱི“སྒུལ་ཤུགས་གསར་པར”གྱུར་པ།

    བོད་བྱང་ཐང་དུ་ལོ་གཅིག་དུས་གཅིག་གི་འཆར་ཅན་རྟ་རྒྱུག་དུས་ཆེན་འཆར་ཞིང་། འགྲན་རའི་ཕྱི་རོལ་གྱི་འགྲེམས་ཁུལ་དུ་ལོ་58ལ་སླེབས་པའི་ཤེས་དགའ་དང་ལས་རོགས་ཚེ་རིང་སྒྲོལ་མ་གཉིས་ཀྱིས་སྔ་ས་ནས་ཁྲོམ་བཀྱག་བཙུགས་ཏེ་ལག་བཟོས་ཐོན་རྫས་དང་། མར། ཕྱུར་བ་སོགས་གྲལ་འགྲིག་པོར་བསྒྲིགས་ཡོད། ཁོང་ཚོ་ཚང་མ་ནག་ཆུ་འབྲོག་མོའི་མཉམ་འབྲེལ་ལས་གཏོད་ཚད་ཡོད་འགན་འཁྲི་ཀུང་སིའི་ཁོངས་སུ་གཏོགས་པ་དང་། “སྔོན་ཆད་ང་ཚོས་ཕྱུགས་འཚོས་ནས་འཚོ་ཐབས་བྱེད་པ་ལས་དཔལ་འབྱོར་གྱི་ཡོང་ཁུངས་གཞན་མེད། ད་ཆ་རྟ་རྒྱུག་དུས་ཆེན་ཇི་ཙམ་གཉེར་བ་དེ་ཙམ་གྱིས་འཁྲུག་ཆ་དོད་དུ་སོང་ནས། ངོ་མཚར་ཆེ་བའི་འགྲན་བསྡུར་ལ་ལྟ་རྒྱུ་ཡོད་པ་མ་ཟད། ད་དུང་ཡོང་འབབ་ཀྱང་མང་དུ་ཕྱིན་སོང” “ན་ནིང་རྟ་རྒྱུག་དུས་ཆེན་བརྒྱུད་ཚོང་འདུས་ལ་ཡོང་འབབ་སྒོར་ཁྲི་བཞི་བཅུ་ལྷག་ཙམ་བྱུང་བ་དང་། ད་ལོར་དེ་བས་མང་བ་ཡོང་བའི་རེ་བ་ཡོད”ཅེས་ཤེས་དགའ་ཡིས་འཛུམ་དམུལ་དམུལ་ངང་བརྗོད།

    “སྔོན་ཆད་དང་བསྡུར་ན། ད་ལོའི་རྟ་རྒྱུག་དུས་ཆེན་གྱི་གཞི་ཁྱོན་དེ་བས་ཆེ་རུ་ཕྱིན་ནས་སྔོན་དཔག་བྱས་ན་མི་ཁྲི་1.5ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་རེད” 2025ལོའི་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱི་བྱེད་སྒོ་ཚོགས་ཆུང་གི་ཚོགས་གཙོ་ཁྲེང་ཞའོ་ཀོང་གིས། རྩལ་ནུས་གསོ་སྦྱོང་དང་རྣམ་གྲངས་ཀྱི་གན་འཇོག་བརྒྱུད་ཞིང་འབྲོག་པར་དུས་ཐུང་ཡོང་འབབ་བྱུང་བ་མ་ཟད། ཡུན་རིང་ལས་ཞུགས་ལའང་སྐུལ་མ་ཐེབས་ཏེ། རྟ་རྒྱུག་དུས་ཆེན་དེ་ཞིང་འབྲོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་བའི་སྐུལ་འདེད་ཡོ་བྱད་དུ་དངོས་སུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་བརྗོད།

     ཨོ་རྩལ་འགྲན་ཚོགས་ཀྱི་སྦེ་ག་ཨང་དང་པོ་ཀྲང་ཞའོ་ཕིང་དང་ཨོ་རྩལ་འགྲན་ཚོགས་ཀྱི་འདུར་འགྲོས་ཨང་དང་པོ་ཝང་ལི་ཕིང་གིས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རིག་གནས་ལུས་རྩལ་ལྟེ་གནས་སུ་ལྷ་ས་གྲོང་ཁྱེར་གྱི་ལས་ཞོར་ལུས་རྩལ་སློབ་གྲྭའི་ལུས་རྩལ་པ་ཚོར་སྦྱོང་བརྡར་གྱི་སློབ་ཚན་ཞིག་ཁྲིད་ཅིང་། འདི་ནི་ཀྲང་ཞའོ་ཕིང་གིས་ལུས་རྩལ་པར་སྦྱོང་བརྡར་བྱེད་སྟངས་སློབ་བཞིན་པ། དཔྱད་གཞིའི་པར་རིས།

     འདི་ནི་ཚེ་བརྟན་གཡུ་སྒྲོན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་གངས་ཤུད་རི་འཛེག་མཉམ་བསྲེས་རྒྱུག་མཐུད་མཐའ་བསྡུར་ནང་ཞུགས་པ་དང་། ཉིན་དེར་ཁོང་དང་རུ་གྲོགས་པུ་ལུར་ལ་ཨང་དང་པོ་ཐོབ་པ། དཔྱད་གཞིའི་པར་རིས།

     འདི་ནི་ཕོ་བྲང་པོ་ཏ་ལའི་གཤམ་གྱི་རྫོང་རྒྱབ་ཀླུ་ཁང་དུ་གཉེར་བའི་ལྷ་སའི་སྐོར་བྲོའི་འགྲན་བསྡུར་ཆེ་མོ(མཐའ་བསྡུར)སྐབས་གཉིས་པའི་འགྲན་བསྡུར་བྱ་ཡུལ་ཡིན་པ། དཔྱད་གཞིའི་པར་རིས།

    ཟླ་3ཚེས་2ཉིན། 2025ལོའི་བོད་ཀྱི་ལོ་གསར་ཚེས་གསུམ་གྱི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་དང་མི་རིགས་ཀྱི་རྟ་རྒྱུག་འགྲན་བསྡུར་བྱེད་སྒོ་ལྷ་ས་གྲོང་ཁྱེར་གྲོང་བྱང་རྟ་རྒྱུག་ཐང་ཆེན་དུ་སྤེལ་ཞིང་། འདི་ནི་རྟ་རྩལ་རུ་མིས་འཁྲབ་སྟོན་བྱས་རྗེས་རྟེན་འབྲེལ་ཞུ་བཞིན་པ། དཔྱད་གཞིའི་པར་རིས།

    གཡོན་གྱི་སྟེང་གི་པར་ནི་1960ལོའི་ཟླ་5པར་ཇོ་མོ་གླང་མའི་རྩེ་མོར་འཛེག་མཁན་ཀྲུང་གོའི་རི་འཛེག་རུ་ཁག་གི་རུ་མི་ཝང་ཧྥུའུ་ཀྲོའུ(གཡས)དང་། མགོན་པོ(དཀྱིལ) ཆུས་དབྱིན་ཧྭ(དཔྱད་གཞིའི་པར་རིས། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ)བཅས་ཡིན་པ་དང་། གཡོན་གྱི་འོག་གི་པར་ནི་2008ལོའི་ཟླ་5ཚེས་9ཉིན་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མར་བརྒྱུད་སྤྲོད་བྱེད་མཁན་རི་འཛེག་རུ་ཁག་གི་རུ་མི་ནོར་བུ་དགྲ་འདུལ(གཡོན)གྱིས་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་དང་པོ་སྐྱིད་སྐྱིད་ཀྱི་ལག་ནང་གི་དཔལ་འབར“བཀྲ་ཤིས་འཇའ་ཚོན”ལ་མེ་སྤོར་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ) གཡས་ཀྱི་པར་ནི་2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་གི་རུ་མིས་ཇོ་མོ་གླང་མའི་རྩེ་མོར་ཚད་འཇལ་བཞིན་པ། (2020ལོའི་ཟླ་5ཚེས་27ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་དམིགས་བསལ་གདན་ཞུས་གསར་འགོད་པ་བཀྲ་ཤིས་ཚེ་རིང་གིས་པར་བརྒྱབ) དཔྱད་གཞིའི་པར་རིས།

    འདི་ནི་2024ལོའི་ཟླ་8ཚེས་12ཉིན་རྟ་པ་ཚོས་2024ལོའི་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་རིང་སྲོལ་རྒྱུན་གྱི་སྤྱི་ལེ་བཅུའི་རྒྱུག་རིང་འགྲན་བསྡུར་བྱེད་བཞིན་པ། དཔྱད་གཞིའི་པར་རིས།

    འདི་ནི་ཡུལ་སྐོར་བས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཁོངས་སུ་ཡོད་པའི་གསའ་ཕུ་གངས་རིའི་གཤམ་ནས་སྐྱོད་བཞིན་པ། དཔྱད་གཞིའི་པར་རིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།