སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གསེར་རྙེད་ཆུས་ཧང་ཅཱ་གྲོང་གསར་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཉིན་ཤས་བསྟུད་མར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་ཧང་ཅཱ་གྲོང་གསར་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཚང་མས། དྲིན་ཚོར་གྱི་བསམ་པ་བཅངས་པ་དང་། འབད་འཐབ་ཀྱི་བློ་སྟོབས་འཕེལ་བ། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་དམ་པ་དོན་གཉེར་དང་སྙིང་རུས་གཏན་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། ལས་ཞུགས་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། རྒན་གསོ། བུ་བཅོལ་སོགས་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཆེ་རུ་གཏོང་དགོས།
བྱམས་བརྩེའི་གསུང་སྒྲ་རྣ་བར་ལྷང་ལྷང་འཁོར། སློབ་སྟོན་ནན་པོ་སེམས་ལ་བརྟན་པོར་བཅངས། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སློབ་སྦྱོང་ལ་མཐོང་ཆེན་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགན་འཁྲི་འཁུར་སེམས་དང་། དགོས་གཏུགས་ཀྱི་བསམ་པ། ཧུར་བརྩོན་གྱི་སེམས་པ། རང་འགུལ་རང་བཞིན་བཅས་ཆེ་རུ་ཏན་ཏིག་བཏང་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱེད་ཀྱི་ཡིན”ཞེས་ཧང་ཅཱ་གྲོང་གསར་གྱི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་པ་སངས་ཀྱིས་བཤད།
ལས་སྒྲུབ་གཙོ་བོར་བཟུང་ནས་འབད་འབུངས་ལས་བརྩོན་བྱས། ཧང་ཅཱ་གྲོང་གསར་མ་རྐང་དཔལ་འབྱོར་མཉམ་ལས་ཁང་དུ་གྲོང་སྡོད་ལས་དོན་རུ་ཁག་གིས་མཉམ་ལས་ཁང་གི་ལས་བཟོ་རུབ་རུབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་སློབ་སྦྱོང་གིས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་མཐའ་གཅིག་ཏུ་བྱས་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསར་གཏོད་འཚོལ་ཞིབ་བྱེད་བཞིན་ཡོད། “ང་ཚོས‘འབྲོག་གསུམ་མཉམ་འགུལ’གྱི་སྒྱུར་བཅོས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། འབྲོག་ལས་དང་། འབྲོག་ཁུལ། འབྲོག་པ་བཅས་རྒྱུ་རྐྱེན་གཙོ་བོ་གསུམ་དབར་འབྲེལ་བ་དམ་ཟབ་བྱེད་པ་དང་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་དང་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཁྲོམ་རའི་ལམ་སྲོལ་བརྒྱུད་འབྲོག་པ་མང་ཚོགས་ཀྱི་བསམ་བློའི་ལྟ་བར་འགྱུར་ལྡོག་གཏོང་བ་དང་། འབྲོག་ཁུལ་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། འབྲོག་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ཏེ། མཐར་འབྲོག་པའི་ཡོང་འབབ་མང་དུ་དང་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཧང་ཅཱ་གྲོང་གསར་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་བཀྲ་ཤིས་ཆོས་འཕེལ་གྱིས་བཤད།
མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ནམ་ཡང་དྲིན་ཚོར་འབད་འབུངས་བྱེད། “ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་འཚོ་བ་ལོ་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད། ངས་ཏང་རྩ་འཛུགས་ལ་ཉེ་བཅར་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ཏེ། མང་ཚོགས་ལ་སྣེ་འཁྲིད་ཀྱིས་ཞབས་འདེགས་ཞུས་ནས་གྲོང་ཚོའི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་གཟིགས་སྐྱོང་ལ་དྲིན་ལན་འཇལ་གྱི་ཡིན”ཞེས་ཧང་ཅཱ་གྲོང་གསར་གྱི་ཏང་ཞུགས་ཧུར་བརྩོན་ཅན་སྙན་གྲགས་ཀྱིས་བཤད།
འབྲེལ་ཡོད་གསར་འགྱུར།