དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>གསར་འགྱུར་ལྟེ་གནས།
  • བོད་ཀྱི་ལྕགས་ལམ་གྱི་ལམ་ཚད་སྤྱི་ལེ་0ནས་1187.8བར་ཟིན་པའི་འགྱུར་ལྡོག

    མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ས་མཐོའི“བདེ་སྐྱིད་ལམ་བུ”བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-27

    བོད་ཞི་བས་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་སུ་ཏང་དང་རྒྱལ་ཁབ་ཀྱིས་བོད་ལྗོངས་སུ་བསྐྱོད་པའི་ལྕགས་ལམ་འཛུགས་སྐྲུན་གྱི་གནད་དོན་ལ་ཞིབ་འཇུག་བྱེད་འགོ་བརྩམས། བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་གོ་གསར་པའི་ལྕགས་ལམ་འཛུགས་སྐྲུན་འཆར་འགོད་སྐོར་ལྷུག་གླེང་གནང་སྐབས“ང་ཚོས་ངེས་པར་དུ་པ་ཧྲན་རི་བོ་དང་། ཐེན་ཧྲན་རི་བོ། ཁུ་ནུ་རི་བོ་བཅས་ནས་ཧི་མ་ལ་ཡའི་བར་དུ་ལྕགས་ལམ་སྐྲུན་དགོས”ཞེས་དམ་བཅའ་བརྟན་པོ་བཞག་གནང་བ་རེད།

    2001ལོའི་ཟླ་6ཚེས་29ཉིན་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུ་སྐྲུན་འགོ་ཚུགས་པ་དང་། 2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ། 2014ལོའི་ཟླ་8ཚེས་15ཉིན་ལྷ་གཞིས་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ། 2021ལོའི་ཟླ་6ཚེས་25ཉིན་ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་ཡོད། ལོ་བརྒྱའི་ཕུགས་འདུན་དུས་རབས་གསར་པའི་ནང་མངོན་འགྱུར་བྱུང་ཞིང་། མཚོ་བོད་ལྕགས་ལམ་འཁོར་སྐྱོད་བྱས་ཚུན་གྱི་དུས་ཐུང་ལོ་20ཙམ་གྱི་རིང་བོད་ཀྱི་ལྕགས་ལམ་གྱི་ལམ་ཚད་སྤྱི་ལེ་0ནས་1187.8བར་ཀྲུང་གོ་བས་གངས་ལྗོངས་ས་མཐོར་འཛམ་གླིང་ཡོངས་ཀྱི་སྐྱེ་བོ་ཀུན་ཧང་སངས་དགོས་པའི་བྱས་རྗེས་རླབས་པོ་ཆེ་རེ་རེ་བཞིན་བཏོད་ཡོད།

    ལྕགས་ལམ་འཛུགས་སྐྲུན།

    དཀའ་བ་དུ་མ་སྤྱད་ནས་རང་བྱུང་གི་འོབས་ཆེན་བདེ་ལམ་དུ་གྱུར་བ།

    མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུ་ནི་ཤར་མཚོ་སྔོན་གོར་མོ་ནས་ནུབ་བོད་ལྗོངས་ལྷ་ས་བར་ཡིན་ཞིང་རིང་ཚད་ལ་སྤྱི་ལེ་1142ཟིན་གྱི་ཡོད། ལམ་རྒྱུད་ཀྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་ས་བབ་སྨི་4000ཡན་གྱི་ས་ཆ་སྤྱི་ལེ་960ཟིན་ཞིང་། གདང་ལ་བརྒལ་བའི་ལྕགས་ལམ་གྱི་ས་ཚིགས་མཐོ་ཤོས་དེ་ས་བབ་སྨི་5072ཟིན་ཡོད།

    2001ལོའི་དཔྱིད་ཀར། མཚོ་བོད་ལྕགས་ལམ་སྐྲུན་པའི་གཏམ་བཟང་དེ་ས་གཞི་ཀུན་ལ་ཁྱབ་སྐབས། འཛུགས་སྐྲུན་ནང་ཞུགས་པའི་རེ་འདུན་ཞུ་ཡིག་དང་ཆོད་སེམས་ཡི་གེ་རེ་རེ་བཞིན་རིམ་པ་ཁག་གི་རྩ་འཛུགས་དང་འགོ་ཁྲིད་ཀྱི་ལག་ཏུ་འབྱོར། ཕྱིས་སུ་འཛུགས་སྐྲུན་པ་ཁྲི་13གྱིས་མེས་རྒྱལ་དང་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས་དཀའ་ཚེགས་ཀྱིས་ཁེངས་པའི་ས་ཆ་དེར་བསྐྱོད་དེ་ཨར་སྐྲུན་བྱེད་འགོ་བརྩམས།

    ཡང་དག་པའི་རྩད་ཞིབ་ཀྱི་དཔྱད་གཞིའི་ཡིག་རིགས་རག་ཐབས་བྱས་ནས་ཨར་ལས་ཀྱི་དཀའ་གནད་སེལ་ཆེད། ཚན་ཞིབ་མི་སྣས་རྒྱུན་དུ་ཟས་སྡོད་ཚང་མ་རི་ཐང་དུ་བྱེད་པ་དང་ཆབས་ཅིག་ཚོད་ལྟ་གྲངས་མེད་བྱེད་ཀྱི་ཡོད།

    2000ལོ་ནས་2006ལོའི་བར། འཁྱགས་སའི་འགག་སྒྲོལ་ལ་དམིགས་པའི་ཚན་རིག་ཞིབ་འཇུག་བྱ་གཞི་ཆེན་པོ་39དང་ཡན་ལག་ཞིབ་འཇུག་བྱ་གཞི་66ཟིན་ཡོད། ལས་གྲྭ་ཧྲིལ་པོ་རྩད་ཞིབ་དང་། ཇུས་འགོད། ཨར་ལས་བཅས་བྱེད་ཞོར་དུ་འཚོལ་ཞིབ་བྱེད་ཀྱིན་མདུན་དུ་བསྐྱོད་བཞིན་ཡོད། མཐར་ཁོང་ཚོས་ལག་རྩལ་བྱ་ཐབས་སྣ་ཚོགས་གསར་གཏོད་བྱས་ནས་གྲུབ་འབྲས་ཐོབ་པའི་ངང་འཁྱགས་སའི་ལྕགས་ལམ་ལས་གྲྭ་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད།

    2001ལོའི་ཟླ་6ཚེས་29ཉིན་ནས་2006ལོའི་ཟླ་7ཚེས་1ཉིན་བར། གོར་མོ་ནས་ལྷ་ས་བར་ཉིན་མཚན་1800ལྷག་ཙམ་རིང་དཀའ་བ་དུ་མ་ཁྱད་དུ་བསད་ནས་སྤྱི་ལེ་1142ཟིན་པའི་གངས་རི་དང་། འཁྱགས་ས། རྩྭ་ཐང་བཅས་བརྒྱུད་དེ། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་པ་ཚོས་འགྱུར་མེད་ཀྱི་སྙིང་སྟོབས་དང་ཟུངས་ཁྲག་དྲོན་མོར་བརྟེན་ནས་བོད་དུ་ལྕགས་ལམ་སྐྲུན་ཐབས་བྲལ་བའི་ཤོད་རྒྱུན་མེད་པར་བཟོས་པ་དང་། “འཛམ་གླིང་ཐོག་གི་རྩེ་གྲ”ཆེན་པོ་9གསར་གཏོད་བྱས་པ་དང་། “ལོ་མང་འཁྱགས་ས་དང་། མཐོ་གྲང་གསོ་རླུང་དཀོན་པ། སྐྱེ་ཁམས་ཉམས་ཞན”བཅས་ཀྱི་འཛམ་གླིང་རང་བཞིན་གྱི་ལས་གྲྭའི་དཀའ་གནད་ཆེན་པོ་3བསལ་ཏེ“འཛམ་གླིང་གི་ཡང་རྩེར”ལྕགས་ལམ་བསྐྲུན་ཡོད།

    2006ལོའི་ཟླ་7ཚེས་1ཉིན། མཚོ་བོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ་རེད།

    “ངར་ལྕགས་ཀྱི་མཁའ་ལམ”འདི་ལས་དུས་དང་བར་མཐོངས་ཀྱི་འཕོ་འགྱུར་བྱུང་བ་མ་ཟད། ལམ་རྒྱུད་ཀྱི་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་དེ་བས་ནུས་ལྡན་ཐུབ་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་རིང་ས་གནས་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར་12.93འཕར་བ་དེས་མ་འཇོག་བསྡོམས་འབོར་གྱི་8.56%བཟུང་ཞིང་། དེའི་ནང་ཞིང་འབྲོག་མང་ཚོགས་ལ་ཐད་ཀར་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར་4.3ཟིན་པ་དེས་མ་འཇོག་བསྡོམས་འབོར་གྱི་2.85%བཟུང་བ་དང་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་151འཕར་ཡོད་པ་རེད།

    ལྕགས་ལམ་གྱིས་དམངས་ལ་ཕན་པ་བཏགས་པ།

    ལྕགས་ལམ་བསྐྲུན་པ་ལས“བདེ་སྐྱིད་ལམ་བུ”བཏོད་པ།

    མཚོ་བོད་ལྕགས་ལམ་བཤར་གཏོང་ཐུབ་པ་དེས། བོད་ཀྱིས་དུས་ཡུན་རིང་པོའི་ནང་གཞུང་ལམ་དང་དམངས་སྤྱོད་མཁའ་འགྲུལ་ཁོ་ནར་བརྟེན་པའི་འགྲིམ་འགྲུལ་གྱི་རྣམ་པར་རྦད་དེ་འགྱུར་ལྡོག་བྱུང་བ་དང་། བོད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་དང་མ་འཇོག་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་མ་ཟད། བོད་ཀྱི་ཐོན་ཁུངས་གསར་སྤེལ་དང་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་འགྲོ་བར་སྐུལ་མ་ཐེབས་ནས་བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི“མགྱོགས་ལམ”ཐོག་སྐྱོད་པར་སྣེ་ཁྲིད་བྱས་ཡོད།

    “མཚོ་བོད་ལྕགས་ལམ་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་ཐིག་རྩེ་གྲ་ཞིག་ཡིན་པ་དང་། ང་ཚོ་བོད་བྱང་ཐང་གི་འབྲོག་པ་ཚོའི‘གསེར་གྱི་སྐ་རགས’དང་གཅིག་མཚུངས་རེད” ད་ལོ་ལོ་70ལ་སླེབས་པའི་སྐལ་བཟང་ཚེ་རིང་ནི་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་བྲག་ནག་སྡེ་ཁུལ་གྱི་གྲོང་མི་ཞིག་ཡིན་ཞིང་། ཞིང་ཞོར་ཐོན་རྫས་ཕྱིར་ཚོང་གི་ལས་ཀ་བྱས་ནས་ལོ་མང་སོང་བས། ལྕགས་ལམ་བསྐྲུན་པ་ལས་བྱུང་བའི་འགྱུར་ལྡོག་ལ་མྱོང་ཚོར་ཟབ་མོ་ཡོད།

    ལྕགས་ལམ་ཤར་གཏོང་ཐུབ་པ་དེས་སྐལ་བཟང་ཚེ་རིང་ཁྱིམ་གྱི་ཚོང་ཇེ་ལེགས་སུ་ཕྱིན་པ་མ་ཟད། ཁོང་ལ་མི་རིགས་མི་འདྲ་བའི་གྲོགས་པོ་མང་པོ་ཞིག་ཀྱང་ངོ་ཤེས་ཡོད། སྐལ་བཟང་ཚེ་རིང་གིས། ཨ་མདོ་རྫོང་དུ་ལྕགས་ལམ་བསྐྲུན་པ་ནས་མེ་འཁོར་ཤར་གཏོང་ཐུབ་པའི་བར་ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་འཛུགས་སྐྲུན་པ་དང་། ཚོང་པ། ཡུལ་སྐོར་བ་བཅས་ཡོང་ནས་ཚང་མས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པས། ཁོ་ཚོའི་ལྟ་བར་རིམ་བཞིན་འགྱུར་ལྡོག་ཕྱིན་ཏེ་ཡུལ་སྐོར་དང་། རྟོག་ཞིབ། སྨན་བཅོས་སློབ་སྦྱོང་སོགས་བྱེད་པར་བསྐྱོད་ཡོད་ཅེས་བརྗོད།

    ཨ་མདོ་མེ་འཁོར་འབབ་ཚུགས་ལ་ས་བབ་སྨི་4702ཡོད་པ་དེ་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་སྲུང་བྱ་ཡོད་པའི་མེ་འཁོར་འབབ་ཚུགས་ཤིག་རེད། ད་ཆ་ཉིན་རེར་མེ་འཁོར་ཐེངས་5དེ་གར་ཁ་བཀག་གི་ཡོད་པ་དང་། སྔ་དྲོ་ལྷ་སར་མེ་འཁོར་ཐེངས་3དང་ཕྱི་དྲོ་ཧྲང་ཧའེ་དང་ཟི་ལིང་ལ་མེ་འཁོར་ཐེངས་2གཏོང་གི་ཡོད།

    2024ལོར་ཨ་མདོ་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་5.3ལྷག་ཙམ་ཟིན་ཡོད།

    ཨ་མདོ་རྫོང་མེ་འཁོར་འབབ་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་པ་བསྟན་ལགས་ཀྱིས“རང་ཉིད་2018ལོར་ལས་ཀར་ཞུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ལྕགས་ལམ་སྲུང་བ་ནི་བདེ་སྐྱིད་སྲུང་བ་ཞིག་རེད་སྙམ་གྱི་འདུག”ཅེས་བརྗོད་པ་དང་། ལས་ཀ་འདིས་ཁོ་མོར་ཡོང་འབབ་བརྟན་པོ་བྱུང་བ་མ་ཟད། ད་དུང་ཐོབ་སྣང་ཡང་ཆེན་པོ་བྱུང་ཡོད་པ་རེད།

    བསྟན་ལགས་ཀྱི་བཟའ་ཟླ་ཕུན་ཚོགས་རྣམ་རྒྱལ་2006ལོར་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུའི་ལམ་སྲུང་རུ་ཁག་ལྔ་པར་ཞུགས་ནས་ལམ་སྲུང་རུ་མི་ཞིག་ཏུ་གྱུར། དེ་རྗེས་ཁོང་གི་གཅུང་པོ་དང་གཅུང་མོ་ཡང་གཅིག་རྗེས་གཉིས་མཐུད་ངང་ལམ་སྲུང་རུ་ཁག་ནང་ཞུགས་པ་རེད། “ང་ཚོས་སྲུང་བ་ནི་ལྕགས་ལམ་ཙམ་མིན་པར། མི་རིགས་ཁག་གི་མང་ཚོགས་ཀྱི‘བདེ་སྐྱིད་ལམ་བུ’དེ་བས་ཡིན”ཞེས་ཕུན་ཚོགས་རྣམ་རྒྱལ་གྱིས་བརྗོད།

    མེ་འཁོར་གྱི་ལྡིར་སྒྲ་ས་མཐོར་གྲགས་སྐབས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་འཕེལ་རྒྱས་ཕྱུག་འགྱུར་གྱི་གོ་སྐབས་དང་ལས་ཞུགས་ལས་གནས་མང་པོ་མཁོ་འདོན་བྱས་པས་མི་ཚང་མས་སོ་སོའི་འཇོན་ཐང་ངོམས་ཏེ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་ཐུབ་པ་བྱུང་ཡོད།

    ད་ཆ། ཨ་མདོ་རྫོང་གྲོང་དུ་འགྲིམ་འགྲུལ་སྟབས་བདེ་བ་དང་འཕེལ་རྒྱས་ཀྱི་རྣམ་པ་ཧ་ཅང་ཡག་པོ་ཡོད་པས། གང་སར་དར་རྒྱས་ཀྱི་རྣམ་པས་ཁེངས་བཞིན་མཆིས།

    ལྕགས་ལམ་གྱིས་རྣམ་པ་གསར་པ་བཏོད།

    དཔལ་འབྱོར་ལ་གསོན་ཤུགས་གསར་པ་རྒྱས་པ།

    ལོ་བཅུ་དགུ་ཡི་རིང་། མཚོ་བོད་ལྕགས་ལམ་གྱིས་བོད་འདི་ཉིད་རྒྱལ་ཡོངས་དང་འཛམ་གླིང་ཕྱོགས་སུ་སྐྱོད་པར་རམ་འདེགས་ཧུར་ཐག་བྱས་ཡོད། དེ་ལྟར་ལྷ་སར་ལྕགས་ལམ་གྱི་ཟོག་ར་དང་མཚོ་བོད་ལྕགས་ལམ་ནག་ཆུ་ཟོག་འགྲེམས་ལྟེ་བབ་སྟུན་གྱི་འཕེལ་རྒྱས་ཕྱིན་ནས་བོད་ཀྱི་ལེགས་ལྡན་གཏེར་ཐོན་ལས་རིགས་དང་། མི་རིགས་ལག་ཤེས་བཟོ་ལས། ཁྱད་ལྡན་ཡུལ་སྐོར་ལས་རིགས་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    2006ལོའི་ཟླ་3པར་ལྷ་སའི་ས་ཚིགས་ནུབ་མའི་ལྕགས་ལམ་ཟོག་ར་སྤྱོད་འགོ་ཚུགས་པ་དང་། ཁྱོན་ས་བཟུང་སྨི་ངོས་གྲུ་ཁྲི་67ཟིན་པའི་བོད་ཀྱི་ཟོག་འདྲེན་ས་ཚིགས་ཆེ་ཤོས་དེ་རྒྱས་སྐྲུན་བྱས་རྗེས་འདོན་འཇུག་བྱ་ཡུལ་4ནས་11བར་མང་དུ་ཕྱིན་ཡོད།

    གྲངས་གཞི་ལས་འཕེལ་རྒྱས་ཀྱི་དཔང་པོ་བྱེད་ཐུབ་སྟེ། 2006ལོར་དངོས་ཟོག་གཏོང་ཚད་དང་འཇུག་ཚད་ཏུན་ཁྲི་32.9ནས་2024ལོར་ཏུན་585.3ཟིན་ཏེ་སྐྱེལ་འདྲེན་བྱེད་ཚད་ལྡབ་17.8འཕར་ཡོད།

    མཚོ་བོད་ལྕགས་ལམ་ནག་ཆུ་ཟོག་འགྲེམས་ལྟེ་གནས་སུ་ཆ་སྙོམས་ས་བབ་སྨི་4500ཟིན་པ་དང་། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་དེང་རབས་ཅན་གྱི་ཟོག་འགྲེམས་ལྟེ་གནས་ཤིག་ཡིན་ལ། ཁྱོན་ས་བཟུང་མུའུ་8000ཟིན་པ་དེར་ཕྱོགས་བསྡུས་ཟོག་འགྲེམས་ཁུལ་དང་། སིལ་བླུག་དང་སྡེབ་བླུག་ཟོག་འགྲེམས་ལྟེ་གནས། དངོས་ཟོག་འདེགས་སྒྲིག་ཁུལ། ཐོན་སྐྱེད་ལས་སྣོན་ཁུལ། འཚོ་བའི་ཁུལ་སོགས་བྱེད་ནུས་ཁུལ་མང་པོ་བསྐྲུན་ཡོད། ནག་ཆུ་ཟོག་འགྲེམས་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དབང་འདུས་ཚེ་རིང་གིས། “འདི་ག་ནི་དངོས་ཟོག་བརྒྱུད་སྐྱེལ་ས་ཚིགས་ཡིན་པ་མ་ཟད། དེ་བས་ཀྱང་ཐོན་ལས་སྐྱོང་གསོའི་གནས་ཤིག་ཡིན”ཞེས་བརྗོད། 2009ལོར་བསྐྲུན་ཚུན་དུ། ལྟེ་གནས་སུ་ཁེ་ལས་183བཅའ་སྡོད་བྱས་པ་དང་། རིམ་རྩིས་བརྒྱབ་ན། ཁྲལ་འབབ་སྒོར་དུང་ཕྱུར་26.8བཏོད་པ་དང་། མི་800ལྷག་ཙམ་ལས་ཞུགས་ཐུབ་ཡོད།

    མཚོ་བོད་ལྕགས་ལམ་ལས་ཟོག་འགྲེམས་ལ་འགྱུར་ལྡོག་བྱུང་བ་མ་ཟད། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་གཏིང་ཟབ་དང་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་ཐུབ་པ་བྱུང་ཡོད། བོད་ཀྱིས་ཁུལ་གནས་དང་། ཐོན་ཁུངས། སྲིད་ཇུས་བཅས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ལག་རྩལ་གསར་པ་དང་བཟོ་རྩལ་གསར་པ་ཚད་བརྒལ་དུ་བྱས་ཏེ་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ཁྱད་ལྡན་ཞིང་འབྲོག་སོགས“ཐོན་ལས་ཆེན་པོ་དགུ”མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    མཚོ་བོད་ལྕགས་ལམ་ནི་འཛམ་གླིང་ཡོངས་ཀྱི་སྐྱེ་བོ་ཀུན་ཧང་སངས་དགོས་པའི“མཁའ་ལམ”ཞིག་ཡིན་པ་དེས་བོད་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བཏང་ཡོད།

    ད་ཆ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། མདོང་ལམ་སོགས་སྐྱེལ་འདྲེན་བྱེད་ཐབས་སྣ་མང་དབར་ནུས་པ་གསབ་རེས་བྱེད་བཞིན་ཡོད་ལ། བོད་ཀྱིས་དེ་བས་སྒོ་དབྱེ་དང་བསྟུན་མཁས་ཀྱི་རྣམ་པའི་ཐོག་ནས་འཛམ་གླིང་བསུ་བཞིན་ཡོད།

    སྐལ་བཟང་ཚེ་རིང་།

    “ལྕགས་ལམ་གྱིས་ང་ཚོའི་འཚོ་བར་འགྱུར་ལྡོག་བྱུང་སོང”

    ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ནི་མཚོ་བོད་ལྕགས་ལམ་གྱི་མེ་འཁོར་བོད་དུ་སླེབས་རྗེས་བརྒྱུད་དགོས་པའི་རྫོང་གྲོང་དང་པོ་དེ་ཡིན་ཞིང་། “མཁའ་ལམ་གྱི་རྫོང་དང་པོ”དང“མཚོ་བོད་ཀྱི་རྫོང་དང་པོ”ཞེས་སུ་གྲགས། ཡིན་ནའང་། མཚོ་བོད་ལྕགས་ལམ་གྱི་ཐོག་མའི་ཇུས་འགོད་དཔེ་རིས་ནང་ཨ་མདོ་འབབ་ཚུགས་དེ་ད་ལྟའི་གནས་ཡུལ་དུ་མེད། མཚོ་བོད་ལྕགས་ལམ་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བདེ་རྩ་དེ་བས་ཡག་པོ་སྐྲུན་ཆེད། འཆར་འགོད་ཇུས་འགོད་སྡེ་ཚན་གྱིས་ཨ་མདོ་འབབ་ཚུགས་རྫོང་གྲོང་དང་བར་ཐག་སྤྱི་ལེ་1ལས་མེད་པའི་སར་བསྐྲུན་པ་རེད།

    ཨ་མདོ་འབབ་ཚུགས་ལས་ཨ་མདོ་རྫོང་གྲོང་དེ་ཉིད་མཚོ་བོད་ལྕགས་ལམ་གྱི་ངེས་པར་དུ་བརྒྱུད་དགོས་པའི་རྫོང་ལ་གྱུར་ནས། ས་བབ་མཐོ་བའི་རྫོང་གྲོང་དེར་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་ལམ་བུ་ཞིག་བཏོད་ཡོད་ལ། ཨ་མདོ་རྫོང་བྲག་ནག་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་གྲོང་མི་སྐལ་བཟང་ཚེ་རིང་གི་མི་ཚེར་འགྱུར་ལྡོག་ཀྱང་བྱུང་ཡོད།

    2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ཅིང་། ལོ་51ལ་སླེབས་པའི་སྐལ་བཟང་ཚེ་རིང་ལོ་ན་རྒས་མོད། འོན་ཀྱང་འགྲིམ་འགྲུལ་སྟབས་བདེ་པོ་ཡོད་པ་མཐོང་འཕྲལ། དེ་སྔ་ཕྱུགས་འཚོ་སྐབས་ཡང་ཡང་འཁོར་མྱོང་བའི་ཚོང་རྒྱག་པའི་བསམ་ཚུལ་དེ་སླར་ཡང་ཡིད་ལ་དྲན།

    ལོ་གཉིས་རིང་རྟོག་ཞིབ་དང་གྲ་སྒྲིག་བྱས་པ་བརྒྱུད། 2008ལོར་སྐལ་བཟང་ཚེ་རིང་འབྲོག་པ་ནས་ཚོང་པ་ཞིག་ལ་དངོས་སུ་གྱུར།

    དེ་ནས་བཟུང་སྐལ་བཟང་ཚེ་རིང་མཚོ་བོད་ལྕགས་ལམ་གྱི་རྒྱུན་ཕེབས་མགྲོན་པོར་གྱུར་ཅིང་། ཁོང་གིས“ང་གཟའ་འཁོར་རེར་ཉུང་མཐར་ཡང་ལྷ་སར་ཚོང་ཟོག་འཐེན་པར་ཐེངས་གཉིས་འགྲོ་དགོས་པས། མེ་འཁོར་ལ་བསྡད་ན་བདེ་འཇགས་ལྡན་ལ་སྟབས་བདེ་པོ་འདུག”ཅེས་གད་མོ་དགོད་བཞིན་གསར་འགོད་པར་བརྗོད།

    སྐལ་བཟང་ཚེ་རིང་གི་ཚོང་ཁང་ཚོང་ཡང་ཧ་ཅང་རྒྱུག་པོ་ཡོད་ཅིང་། ཁོང་གིས“ད་ཆ་ཉིན་རེར་ཡོང་འབབ་སྒོར་1000ལྷག་ཙམ་ཡོང་བ་དང་། མང་བའི་སྐབས་སུ་སྒོར་2000ཟིན་གྱི་འདུག”ཅེས་བརྗོད།

    སྐལ་བཟང་ཚེ་རིང་གི་ཁྱིམ་དུ་མེ་འཁོར་སྤ་སེ་རྙིང་པ་མང་པོ་ཉར་ཚགས་བྱས་ཤིང་། སྤ་སེ་དེ་དག་ལས་ཁོང་གི་འབད་འཐབ་ལོ་རྒྱུས་མངོན་གྱི་ཡོད་ལ། བོད་ཀྱི་འགྲིམ་འགྲུལ་ལ་བྱུང་བའི་འཕོ་འགྱུར་ཡང་ར་འཕྲོད་ཐུབ་ཀྱི་ཡོད།

    ལིའུ་ཀྲེང་ཕིང་།

    འཁྱགས་ས་དང་ལོ་25འཐབ་པ།

    2006ལོའི་ཟླ་7ཚེས་1ཉིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་རེད།

    ལིའུ་ཀྲེང་ཕིང་བོད་དུ་བསྐྱོད་པའི་མེ་འཁོར་དང་པོར་བསྡད་ནས་ལྷ་སར་འབྱོར།

    ལིའུ་ཀྲེང་ཕིང་ནི་1971ལོར་སྐྱེས་པ་དང་ཧྲའན་ཤིས་ཞིང་ཆེན་ཧྥུ་ཧྥུང་རྫོང་ནས་ཡིན་ཞིང་། དགེ་རྒན་ཆེ་མོ་བ་རིམ་པའི་མཐོ་རིམ་བཟོ་བཀོད་པ་ཞིག་དང་ད་ལྟ་ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་དང་པོ་ཚོགས་པ་ཚད་ཡོད་ཀུང་སིའི་ལན་གཙོད་ལྕགས་ལམ་གྱི་བཀོད་འདོམས་དཔོན་རེད། ས་གཤིས་ལས་ཀའི་འཐབ་ས་དང་པོར་ལོ་32རྩ་བ་ཚུགས་རིང་བོད་དུ་ལས་ཀ་ལོ་25བྱས་ནས་སྔ་རྗེས་སུ་མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་མང་པོ་ཞིག་གི་ས་གཤིས་རྩད་ཞིབ་དང་། ཇུས་འགོད། ཚན་ཞིབ། ཕྱོགས་སྡོམ་རྩོམ་སྒྲིག་སོགས་ཀྱི་ལས་དོན་ནང་ཞུགས་པ་རེད།

    ས་མཐོར་རྩད་ཞིབ་བྱེད་པར་དཀའ་ངལ་ཇི་འདྲ་ཡོད་པའི་ཐད། ལིའུ་ཀྲེང་ཕིང་ལ་མྱོང་ཚོར་ཟབ་མོ་ཡོད་དེ། “གྲང་ངད་ཧ་ཅང་ཆེ་བ་དང་། གསོ་རླུང་དཀོན་པས་ལ་དུག་རྒྱག་སླ་བ། ཆ་སྙོམས་ཉིན་ལྟར་རྐང་ཐང་མར་སྤྱི་ལེ་བཅུ་ལྷག་ཙམ་འགྲོ་དགོས་པས། དབུགས་ཧལ་བ་དང་རྐང་པར་ལྕགས་སྒྲོག་བརྒྱབ་པ་ལྟར་ལྕི་པོ་འདུག”

    1984ལོར་མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་གྱི་དུམ་བུ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་མོད། འོན་ཀྱང་གོར་མོ་ནས་ལྷ་ས་བར་འཁྱགས་ས་མང་པོ་ཡོད་པས་དཀའ་ངལ་འཕྲད་པ་རེད།

    ལིའུ་ཀྲེང་ཕིང་གིས“ཕྱི་རྒྱལ་ལ་དེའི་ཐད་ཀྱི་ཐག་གཅོད་ལག་རྩལ་ཡོད་མོད། འོན་ཀྱང་མ་གནས་ཧ་ཅང་མཐོ་པོ་ཡོད། ང་ཚོས་མ་དངུལ་གྲོན་ཆུང་བྱེད་པའི་ཐབས་ཤེས་ཤིག་བསམ་བློ་གཏོང་དགོས”ཞེས་བཤད། ཚན་ཞིབ་ཚོགས་པས་ཐེངས་ཤིག་རྩད་ཞིབ་ལ་སྐྱོད་པའི་སྐབས་བོད་བཟོའི་སྡོད་ཁང་ཞིག་འཁྱགས་སའི་ཐོག་བསྐྲུན་ཡོད་རུང་བརྡིབས་མེད་པ་མ་ཟད། ཁང་པའི་ནང་ལྕི་བ་བསྲེགས་ནས་མེ་གཏོང་གི་ཡོད་ཀྱང་ས་ངོས་ཀྱི་འཁྱགས་ས་ཡང་བཞུར་མེད་པ་མཐོང་། དེར་བརྟེན། ས་གནས་དེ་གའི་ཡུལ་མིར་ཉམས་མྱོང་སྐད་ཆ་འདྲི་བ་དང་དུས་མཚུངས་ཚན་ཞིབ་མི་སྣས་འབྲེལ་ཡོད་དཔྱད་གཞི་འབོར་ཆེན་བསྡུ་རུབ་བྱས་ཏེ་ཚོད་ལྟ་ཡང་ཡང་བྱས་པ་བརྒྱུད། མཐར་དཀའ་གནད་དེ་སེལ་ཐུབ་པ་བྱུང་།

    མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ཀྱང་ལིའུ་ཀྲེང་ཕིང་མུ་མཐུད་རྩད་ཞིབ་ཀྱི་ལས་ལ་བྲེལ། དེའི་རྗེས་ཀྱི་ལོ་བཅུ་ཡི་རིང་། ཁོང་གིས་ཚོགས་པའི་སྣེ་ཁྲིད་ནས་ལོ་མང་རིང་འཁྱགས་སའི་ཁུལ་དུ་ལྟ་ཞིབ་ཚད་ལེན་ཀྱི་ལས་ཀར་གཞོལ་ཞིང་། ལོ་བཅུའི་རིང་འཁྱགས་སའི་ཁུལ་དུ་རྡིབ་པ་དང་གད་པ་ཉིལ་བ་སོགས་ཀྱི་གནོད་འཚེ་ཐོན་ཚད་5%ལས་དམའ་བ་ཡོད།

    “མཚོ་བོད་ས་མཐོའི་ལྕགས་ལམ་འགྲིམ་འགྲུལ་ནི་ལོ་མང་རིང་འཁྱགས་སར་ཁྱབ་པའི་དྲ་རྒྱ་ཆེན་པོ་ཞིག་དང་འདྲ་བས་ང་ཚོས་ད་དུང་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་དགོས་ཀྱི་ཡོད”ཅེས་ལིའུ་ཀྲེང་ཕིང་གིས་མྱོང་ཚོར་ཟབ་མོས་བཤད། ད་ཆ་ཁོང་སྔར་རྒྱུན་བཞིན་ས་མཐོར་ཡོང་ནས་ན་གཞོན་ཚོགས་པའི་སྣེ་ཁྲིད་དེ་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་ལ་འཕྲད་པའི་དཀའ་གནད་རེ་རེ་སེལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།