དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>གསར་འགྱུར་ལྟེ་གནས།
  • རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པ།

    བོད་ཀྱི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཀླུང་བཅས་ཚང་མར་སྲུང་སྐྱོབ་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-27

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་། འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག སའི་གོ་ལའི་སྣེ་གསུམ་པའི་ལྟེ་བའི་ཁུལ་བཅས་སུ་གྲགས་པའི་གནས་མཆོག་ཏུ་དུས་རབས་ཕྱེད་ཀ་ལས་བརྒལ་བའི་སྐྱེ་ཁམས་སྲུང་སྐྱོང་ལས་གྲྭ་ལག་ལེན་བསྟར་ཏེ། “ཕན་པ་སྐལ་བརྒྱར་ཐོབ། གནམ་འོག་དྲིན་གྱིས་སྐྱོང་བའི”བརྗིད་ཉམས་ཆེ་བའི་ལེའུ་ཞིག་རྩོམ་བཞིན་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། 《རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་ཇུས་གཞི》ལག་ལེན་བསྟར་བ་དང་ཆབས་ཅིག བོད་ཀྱི་ལྟེ་བའི་སྐྱེ་ཁམས་ས་ཁོངས་ཆེན་པོ་དྲུག་གཅིག་རྗེས་གཉིས་མཐུད་ངང་བཀོད་སྒྲིག་བྱས་པའི་གྲངས་འབོར་དང་རྒྱ་ཁྱོན་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱས་པ། རང་བྱུང་སྤྱི་གླིང་ཁ་གསབ་ཏུ་བྱས་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ས་ཁུལ་མ་ལག་ཅིག་འཛམ་གླིང་ཡང་རྩེར་མུ་ལ་མུ་འབྲེལ་དུ་ཆགས་བཞིན་མཆིས།

    འགག་གཏོར་ལམ་བུ།

    སྲུང་སྐྱོབ་བྱ་ཐབས་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་ཕྱིན་པ།

    མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་བོད་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད་ལ། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་དང་སྐྱེ་ཁམས་ཐེག་ནུས་ཆུང་བའི་ས་ཁུལ་ཞིག་ཀྱང་རེད། གལ་སྲིད་གཏོར་བཤིག་ཕོག་ཚེ་སླར་གསོ་བྱེད་དཀའ་མོ་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ཀྱི་ཆོས་ཉིད་རང་བཞིན་གྱི་འདུ་ཤེས་གཏིང་ཟབ་ཏུ་རྒྱུན་ཆད་མེད་པར་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་ཡོད།

    1970ལོ་ནས་1980ལོ་བར། ཐར་ཐོར་དུ་གནས་པའི་རྔོན་རྒྱག་མི་ཆོག་པའི་ཁུལ་ཁོངས་དང་ཐོན་ཁུངས་སྲུང་སྐྱོང་ས་ཚིགས་དག་རྩ་ཆེའི་སྲོག་ཆགས་ཀྱི་ལྟེ་བའི་འཚོ་གནས་བྱ་ཡུལ་དང་སྐྱེ་འཕེལ་བྱ་ཡུལ་དུ་འཛུགས་འགོ་བཙུགས་ཡོད།

    1985ལོ་ནས་1988ལོ་བར། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་པའི་མཐོ་རླབས་ཆུང་ངུ་ཞིག་ཐོག་མར་འཕྱུར་བ་སྟེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་མེ་ཏོག་དང་། རྫ་ཡུལ། སྤོ་བོའི་སྒང་ཤང་། ཉིང་ཁྲིའི་བྲག་ཕྱི། གཉའ་ལམ་གྱི་འགྲམ་རོང་། སྐྱིད་རོང་གི་ཅང་གྲོང་ཚོ། དེ་བཞིན་ཇོ་མོ་གླང་མ་སོགས་རང་བྱུང་སྲུང་སྐྱོང་ཁུལ་བདུན་བཙུགས་པར་ནགས་ཚལ་སྐྱེ་ཁམས་མ་ལག་གི་སྙིང་བཅུད་ཡོངས་སུ་ཁྱབ་ཡོད།

    1993ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། བྱང་ཐང་དང་ཤན་རྩའི་ཁྲུང་ཁྲུང་སྐེ་ནག་དང་། ལྷུན་གྲུབ་ཀྱི་འཕན་པོའི་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་གཅན་གཟན་དང་འདབ་ཆགས་སྲུང་སྐྱོབ་ལྟེ་བར་བྱས་པའི་སྲུང་སྐྱོབ་ཁུལ་6བཙུགས་ཡོད། དེའི་ནང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཆེ་ཤོས་ནི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་30ཙམ་ཟིན་པའི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་འབྲེལ། 2000ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱས་པ་དེ་རེད།

    བྱ་ཐབས་རབ་དང་རིམ་པ་རྒྱུན་ཆད་མེད་པར་རིམ་འཇུག་རིམ་སྤོར་བྱས་པ་དང་ཆབས་ཅིག ད་ཆ་བོད་དུ་རང་བྱུང་སྲུང་སྐྱོང་ཁུལ་དང་། ནགས་ཚལ་སྤྱི་གླིང་། འདམ་རའི་སྤྱི་གླིང་། ས་གཤིས་སྤྱི་གླིང་། ཡུལ་ལྗོངས་གྲགས་ཅན་ཁུལ་སོགས་རིམ་པ་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་བཙུགས་པ་བརྒྱུད་ནགས་ཚལ་སྡོང་ཕྲན་དང་། རྩྭ་ཐང་སྤང་ལྗོངས། མཚོ་མཚེའུ་འདམ་ར། འཁྱགས་རོམ་གངས་རི་སོགས་སྐྱེ་ཁམས་རིགས་མང་བའི་སྲུང་སྐྱོབ་དྲ་བ་གཞི་རྩའི་ཆ་ནས་གྲུབ་ཡོད།

    ཚེ་སྲོག་ལ་བསྟོད་པ།

    མཛེས་སྡུག་ལྡན་པའི་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་བ།

    རྒྱ་ཆེ་བའི་སྣུམ་ནག་ལམ་བརྒྱུད་བོད་བྱང་ཐང་གི་ས་མཐོར་སྐྱོད་སྐབས། གནམ་མཚོ་དང་སེར་གླིང་མཚོ་སོགས་ནམ་མཁའི་སྐར་ཚོགས་བཞིན་གནས་ཤིང་། ཤིན་ཏུ་མཛེས་པའི་མཚོ་མཚེའུ་དང་རི་ཀླུང་གི་ཁྲོད་དུ་གཙོད་དང་རྐྱང་སོགས་ལ་ལ་ཟས་འཚོལ་བ་དང་། ལ་ལ་རྩེད་འཇོར་རོལ་བ། ལ་ལ་ངལ་གསོ་བ་སོགས་ཀྱི་རྣམ་པ་ལས་མི་དང་རི་སྐྱེས་སྲོག་ཆགས་འཆམ་མཐུན་མཉམ་གནས་བྱུང་བ་གང་ལེགས་མཚོན་ཐུབ།

    སྲོག་ཆགས་ཁྱུ་ཚོགས་ནི་སྲུང་སྐྱོབ་ཀྱི་ཕན་འབྲས་མཚོན་པའི་དམིགས་ཚད་གལ་ཆེན་ཞིག་རེད། དེ་ལས་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་གི་ཕན་འབྲས་ལ་ཐད་ཀར་གདེང་འཇོག་བྱེད་ཆོག ལྗང་མདོག་གི་ངོ་མཚར་ཆེ་བའི་གྲུབ་འབྲས་ནི་ཚན་རིག་དང་མཐུན་པའི་སྲིད་ཇུས་དང་མང་ཚོགས་ཞུགས་པ་ཕྱོགས་གཉིས་ནས་ཤུགས་བརྒྱབ་པ་ལས་བྱུང་བ་རེད།

    ཉི་མ་རྫོང་བྱང་རྒྱུད་དུ་དམིགས་བསལ་གྱི་གཙོད“གསོ་སྐྱོང་ཁང”ཞིག་ཡོད་པ་སྟེ། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ(ནག་ཆུ་ཡུག་ཁུལ)མཚོ་ལོ་དོ་དམ་སྲུང་སྐྱོང་ས་ཚིགས་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ལོ་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱིས་འགན་འཁུར་བའི་ཁུལ་ཁོངས་ནི“གཙོད་ཕྲུག་བཙའ་ས་ཆེན་པོའི”གྲས་ཤིག་རེད། གནས་སྤོས་སྐྱེ་འཕེལ་དུས་ཚིགས་འཆར་བ་དང་ཆབས་ཅིག གཙོད་མོ་ཁྱུ་འདི་གར་གཙོད་ཕྲུག་བཙའ་བར་ཡོང་ཞིང་། ཟླ་7པར་གཙོད་ཨ་མས་གཙོད་ཕྲུག་ཁྲིད་ནས་སླར་ཡང་འཚོ་གནས་ཁུལ་དུ་ལོག་འགྲོ་གི་ཡོད། ཕྱིར་ལོག་པའི་ལམ་ཐག་རིང་བ་དེ་ནི་གཙོད་ཕྲུག་གི་ངོས་ནས་བརྗོད་ན་ཚོད་བགམ་ཆེན་པོ་ཞིག་ཡིན་པ་དང་། ལྷག་པར་དུ། ཆར་དུས་སུ་གཙང་ཆུ་རྒྱས་ནས་ལོ་ལྟར་གཙོད་ཕྲུག་མི་ཉུང་བ་ཞིག་ཡ་བྲལ་སོང་བའམ་ཡང་ན་ཆུར་ལྷུངས་ནས་ཤི་གི་ཡོད།

    མཚོ་ལོ་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱིས་ལོ་མང་བསྟུད་མར་ཆུ་བོའི་སྨད་རྒྱུད་དུ་གཙོད་ཕྲུག་སྐྱོབ་པའི་བྱ་སྤྱོད་སྤེལ་ཏེ་ཁོང་ཚོ་སླར་ཡང་གཙོད་ཁྱུའི་ནང་ལོག་པར་རོགས་རམ་བྱས་ཡོད།

    གསར་འགོད་པར་ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས(ནག་ཆུ་གྲོང་ཁྱེར་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས)ནས་ཤེས་རྟོགས་བྱུང་བར། བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཚུན། བརྟག་དཔྱད་བྱས་པ་ལྟར་ན། གཙོད་ཁྲི་5ནས་ཁྲི་20ཡན་བར་མང་དུ་ཕྱིན་ཞིང་། ལོ་རྒྱུས་སྙན་ངག་ལྟ་བུའི་གནས་སྤོའི་སྣང་ཚུལ་བརྗིད་ཉམས་ཤིན་ཏུ་ཆེ་བ་དང་། འབྲོང་མགོ་གྲངས་བདུན་སྟོང་ནས་ཁྲི་1ལྷག་ཙམ་བར་མང་དུ་ཕྱིན་ཏེ་རི་སྐྱེས་ཀྱི་གཞི་རྒྱུའི་མཛོད་རྒྱུན་མཐུད་ཐུབ་པ། རྐྱང་མགོ་གྲངས་ཁྲི་3ལྷག་ཙམ་ནས་ཁྲི་9ལྷག་ཙམ་བར་མང་དུ་ཕྱིན་ཏེ་བང་རྩལ་འགྲན་པའི་གཟུགས་བརྙན་དེ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་གི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    ལམ་ལུགས་གསར་གཏོད།

    རྒྱལ་ཁབ་སྤྱི་གླིང་གིས་ཁྲིད་སྟོན་དང་སྐུལ་ཁྲིད་བྱས་པ།

    2021ལོའི་ཟླ་9ཚེས་30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན་འབྱོར་རྗེས། བོད་ཀྱི་རང་བྱུང་སྲུང་སྐྱོང་གི་ལེའུ་གསར་པ་ཞིག་རྩོམ་འགོ་བཙུགས་པ་སྟེ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་19.07ཟིན་ཞིང་། བོད་ཀྱི་དོ་དམ་བྱེད་ཁོངས་དངོས་ཏེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་4.87(སྤྱིའི་རྒྱ་ཁྱོན་གྱི་25.54%ཙམ་ཟིན་པ)ཟིན་པའི་ཁོངས་སུ་ཨ་མདོ་དང་། སྦྲ་ཆེན། སྙན་རོང་བཅས་རྫོང་3གྱི་ཤང་དང་གྲོང་རྡལ་13གྱི་སྲིད་འཛིན་གྲོང་ཚོ་94ལ་ཁྱབ་ཡོད།

    རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནང་བའི་བཀོད་སྒྲིག་གལ་ཆེན་ཞིག་རེད། 2013ལོར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུའི་སྒྲིག་སྲོལ་ཐོག་མར་བཏོན་པ་ནས་2015ལོར་སྔ་རྗེས་སུ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་པའི་བར་དང་། དེ་ནས་2021ལོར་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་5དངོས་སུ་བཙུགས་པའི་བར། ད་ཆ་རང་རྒྱལ་གྱིས་འཛམ་གླིང་གི་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ཆེ་ཤོས་དེ་སྐྲུན་བཞིན་ཡོད།

    2022ལོའི་ལོ་མཇུག་ཏུ《རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་ཇུས་གཞི》ཁྱབ་བསྒྲགས་བྱས་པ་ལས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་དེ་བས་བརྗིད་ཆེའི་འཆར་གཞི་བཀོད་པ་སྟེ། གཙང་གསུམ་ཆུ་འགོ(གདང་ལའི་བྱང་རྒྱུད)དང་། བྱང་ཐང་། ཇོ་མོ་གླང་མ། གངས་རིན་པོ་ཆེ། ཀའོ་ལི་ཀུང་རི་བོ(བོད་ལྗོངས་དུམ་བུ) ཡར་ཀླུང་གཙང་པོའི་རོང་ཆེན་བཅས་བོད་ནས་སྐྱེ་ཁམས་ཀྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་ཁུལ་ཁོངས་ཆེན་པོ་དྲུག་ཚང་མ་རྒྱལ་ཁབ་སྤྱི་གླིང་ངམ་ཡང་ན་འོས་འདེམས་ཁུལ་དུ་བདམས་ཡོད།

    མཚོ་བོད་ས་མཐོའི་ལྟེ་བར་གནས་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་ཞིང་། དེར“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”དང“མཐོ་གྲང་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད”ཅེས་སུ་གྲགས།

    བསམ་ཚེ།

    ཕ་བུ་གཉིས་ཀྱིས་བྱ་གླིང་ལ་སྲུང་སྐྱོང་ལོ་38བྱས་པ།

    ཨ་མདོ་རྫོང་ག་ལོང་མཚོའི་མཚོ་དཀྱིལ་གྱི་བྱ་གླིང་དུ་ཨིནྡྲ་ནཱི་ལའི་མདངས་ལ་འཁུ་བའི་མཚོ་མོར་ཆུ་ཐོན་སྐྱེ་དངོས་འབེལ་བས། ཁྲུང་ཁྲུང་སྐེ་ནག་སོགས་འདབ་ཆགས་སྣ་ཚོགས་འདི་གར་ཡོང་རྒྱུའི་ཡིད་དབང་བཀུག ཨ་མདོ་རྫོང་རྩ་རིང་གྲོང་རྡལ་ཉི་མ་ལུང་གྲོང་ཚོའི་བསམ་ཚེ་དང་པད་མ་ཚེ་རིང་ཕ་བུ་མི་རབས་གཉིས་ཀྱིས་འདི་གར་སྲུང་སྐྱོང་བྱས་ནས་ལོ་38འགྲོ་གི་ཡོད།

    1987ལོ་ནས་བཟུང་བསམ་ཚེ་ཡིས་འདི་གར་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པར་གཞོལ་ཞིང་། ད་ལོ་ལོ་63ལ་སླེབས་པའི་བསམ་ཚེ་ཡིས་ཏང་དང་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་མིག་མཐོང་ལག་ཟིན་བྱུང་ཡོད།

    པད་མ་ཚེ་རིང་གི་ངོས་ནས་བརྗོད་ན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཕ་ཡིས་ཁ་བཤད་དཔེ་སྟོན་དང་ཆུང་དུས་ནས་ཕའི་ཤུགས་རྐྱེན་ཟབ་མོ་ཐེབས་ནས་གོམས་གཤིས་འཇགས་པ་ཞིག་རེད། ད་ཆ་རང་ཉིད་ཀྱི་འཚོ་བ་དང་མི་ཚེའི་ཁྲོད་ལས་ཀ་དེ་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད།

    2017ལོར་པད་མ་ཚེ་རིང་ཡང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་དཔུང་ཁག་ནང་ཞུགས། “མ་གཞི་ང་རང་ལ་བུ་སྡུག་པོ་མྱངས་ཀྱི་རེད་སྙམ་པའི་སེམས་ཁྲལ་བྱུང་ཡང་བུས་ལས་ཀ་དེ་བྱེད་པར་ངོ་རྒོལ་བྱེད་མྱོང་མེད”དང“ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་དེ་ང་ཚོ་ཚང་མར་འགན་འཁྲི་ཡོད”ཅེས་བསམ་ཚེ་ཡིས་གསར་འགོད་པར་བཤད།

    ད་ཆ་ཕ་བུ་གཉིས་མཉམ་དུ་སྐོར་སྲུང་ལ་འགྲོ་བ་མ་ཟད། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་ཚན་རིག་ཁྱབ་གདལ་བྱེད་དུས་ཀྱང་ལས་རོགས་བཟང་པོར་གྱུར་ཡོད།

    བསམ་ཚེ་ཡིས་རྟག་ཏུ་རྟ་རྒྱུག་འགྲན་བསྡུར་གྱི་སྐབས་དང་བསྟུན་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མང་ཚོགས་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་པ་དང་། པད་མ་ཚེ་རིང་གིས་བརྙན་ཐུང་པར་ལེན་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་དྲང་ནུས་དྲ་ཐོག་ཏུ་བརྒྱུད་སྤེལ་བྱེད་ཀྱི་ཡོད།

    ཕ་བུ་གཉིས་ཀྱིས་ལོ་38རིང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་གཟུགས་བརྙན་དེ་སྔ་ས་ནས་མཛེས་ལྗོངས་དང་གཞི་གཅིག་ཏུ་འདྲེས་ཏེ་ཀུན་གྱི་བསྟོད་བསྔགས་བྱ་ཡུལ་ཞིག་ཏུ་གྱུར་ཡོད། བསམ་ཚེར་2022ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣའི”གཟི་བརྗིད་མཚན་སྙན་ཐོབ་ཡོད།

    སྤེན་པ་བཀྲ་ཤིས།

    བརྩེ་བ་ཟབ་མོས་བྱང་ཐང་བསྲུངས་པ།

    ལོ་42ལ་སླེབས་པའི་སྤེན་པ་བཀྲ་ཤིས་ཤན་རྩ་རྫོང་དུ་གཞིས་ཆགས་ནས་ལོ་24སོང་ཡོད། 2001ལོར་སློབ་མཐར་ཕྱིན་རྗེས། ཁོང་ཤན་རྩ་རྫོང་ཞིང་འབྲོག་ཅུས་ནགས་ཚལ་སྤྱི་བདེ་མངགས་གཏོང་ཁང་གི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་ཞིག་ཏུ་གྱུར། སྐབས་དེ་དུས་ཁོང་གིས་རང་འགུལ་ངང་ལྐོག་རྔོན་ལ་ངོ་རྒོལ་བྱེད་པའི་ཆེད་དོན་བྱ་སྤྱོད་རུ་ཁག་ནང་ཞུགས་རྒྱུའི་རེ་འདུན་ཞུས།

    2006ལོའི་དགུན་དུས་ཀྱི་མཚན་མོ་ཞིག་ལ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་27ཟིན་པའི་བྱང་ཐང་མི་མེད་ཁུལ་དུ་སྤེན་པ་བཀྲ་ཤིས་ཀྱིས་རུ་མི་གཞན་དག་དང་མཉམ་དུ་ཁ་བ་བུ་ཡུག་ཁྲོད་དུ་ཉིན་གསུམ་དང་མཚན་གཉིས་སྒུག་བརྒྱབ་མཐར་ལྐོག་རྔོན་རྒྱག་མཁན་བཟུང་ཐུབ། “སྐབས་དེ་དུས་སེམས་ནང་རི་སྐྱེས་སྲོག་ཆགས་ནི་རྒྱལ་ཁབ་ཀྱི་མཆོག་ནོར་ཡིན་པས། རང་སྲོག་བློས་གཏོང་བྱེད་དགོས་ཀྱང་བློ་འགྱོད་མེད་སྙམ་བྱུང”ཞེས་སྤེན་པ་བཀྲ་ཤིས་ཀྱིས་བློ་རྩ་བརྟན་པོས་བཤད།

    2017ལོར་སྤེན་པ་བཀྲ་ཤིས་ཀྱིས་གཞུང་སྨད་གྲོང་རྡལ་གྱི་ཀྲེན་ཀྲང་གི་འགན་འཁུར་ཞིང་། སྐབས་དེ་དུས་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩའི་དུས་སྐབས་དང་ཏག་ཏག་འཁེལ་ཡོད། “ནད་ཀྱི་དབང་གིས་དབུལ་ལོག”དང“སློབ་སྦྱོང་གི་དབང་གིས་དབུལ་ལོག”སོགས་གནས་ཚུལ་མི་འདྲ་བར་དམིགས་ནས། ཁོང་གིས་གྲོང་རྡལ་དང་གྲོང་ཚོ་སྒྲིག་འཛུགས་བྱས་ཏེ“དུད་ཚང་རེར་སྲིད་ཇུས་རེའི”རོགས་སྐྱོར་འཆར་གཞི་བཟོས། དེ་དང་ཆབས་ཅིག་སྤེན་པ་བཀྲ་ཤིས་ཀྱིས་ད་དུང་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཆེད་ལས་མཉམ་ལས་རྩ་འཛུགས་གསུམ་དང་། “ ཤང་རེ་ལ་ཀུང་ཧྲེ་རེ”གཅིག “གྲོང་ཚོ་རེ་ལ་མཉམ་ལས་ཁང་རེ”བཅུ་བཅས་འཛུགས་རྒྱུར་སྣེ་ཁྲིད་དེ་འབྲོག་པ་རྣམས“ཁེར་རྐྱང་ངང་ཕྱུགས་འཚོ་བ”ནས“དཔུང་སྒྲིལ་འཕེལ་རྒྱས་གཏོང་བའི”བར་འགྱུར་ལྡོག་བཏང་།

    2024ལོའི་དཔྱིད་ཀར་ཀྲུང་དབྱང་བརྙན་འཕྲིན་རླུང་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བརྙན་ལམ་ནས་ཤན་རྩ་གཙང་པོ་འདམ་རའི་ཁྲུང་ཁྲུང་སྐེ་ནག་པར་ལེན་བྱས་ཤིང་། ཤན་རྩ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཡིན་པའི་སྤེན་པ་བཀྲ་ཤིས་ཀྱིས“ད་ཆ་ཁྲུང་ཁྲུང་སྐེ་ནག་གིས་ཤན་རྩར་རྒྱུད་སྤེལ་བྱེད་ཀྱི་ཡོད”ཅེས་བཤད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་2003ལོར་སེར་གླིང་མཚོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུཌ་མ་ཐག་པའི་སྐབས་ཀྱི་གྲངས་འབོར་1000ཡང་མ་ཟིན་པ་ནས་ད་ཆའི་1600བར་འཕར་བ་དང་འཕར་ཚད་60%ཟིན་ཡོད། གཙོད་མགོ་གྲངས་ཁྲི་1ཙམ་ནས་ཁྲི་4ལྷག་ཙམ་བར་འཕར་བ་དང་འཕར་ཚད་300%ཟིན་ནས་ཤན་རྩ་རྫོང་གི་འཆར་འགོད་བཟང་པོ་རི་སྔོན་ཆུ་དྭངས་ཁྲོད་ནས་རིམ་བཞིན་མངོན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།