གནམ་ཆུ་སྒུག་པ་ནས་ཚན་རྩལ་ལ་བརྟེན་ཏེ་འབྲུ་རིགས་འདེབས་པའི་བར་གྱི་འགྱུར་ལྡོག
བོད་ཀྱི་འབྲུ་མཛོད། ལོ་ལེགས་སྙེ་མའི་རྦ་རླབས་ལང་ལོང་གཡོ།
དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་ཀྱི་ཞིང་ལས་ཐོན་སྐྱེད་ཆུ་ཚད་རྗེས་ལུས་ཆེན་པོ་ཐེབས་པ་དང་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཧ་ལམ་མེད་པས། ནས་སོགས་འབྲུ་རིགས་ཀྱི་ཐོན་འབབ་ཧ་ཅང་དམའ་པོ་རེད།
ཏང་དང་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་བ་དང་ཞིང་ལས་ལག་རྩལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ནས་ཀྱི་ཐོན་འབབ་དེ་བས་མཐོ་རུ་ཕྱིན་ཡོད།
གསར་དུ་ཐོན་པའི་འབྲུ་རྡོག་གཅིག
དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་ཀྱི་མི་འབོར་གྱི་5%ཡང་མ་ཟིན་པའི་མངའ་བདག་ཆེན་པོ་གསུམ་གྱིས་ཧ་ལམ་ས་ཞིང་ཡོངས་རྫོགས་དང་། ཕྱུགས་རིགས་དང་ཐོན་སྐྱེད་ཡོ་བྱད་མང་ཆེ་བ་བདག་གིར་་བཟུང་མོད། འོན་ཀྱང་མི་འབོར་གྱི་95%ཡན་ཟིན་པའི་ཞིང་བྲན་དང་བྲན་གཡོག་རྣམས་ཧ་ཅང་དབུལ་ཕོངས་དང་བཀྲེས་ལྟོགས་ཀྱིས་མནར་ནས་འཆི་གསོན་ཆ་མེད་ཀྱི་གནས་སུ་གྱར་ཡོད།
1951ལོར། བོད་ཞི་བས་བཅིངས་འགྲོལ་བཏང་། ཀྲུའུ་ཞི་མའོ་ཙེ་ཏུང་གིས་བོད་ཀྱི་ཁུར་པོ་ལྕི་རུ་མི་འགྲོ་བར་ཐུགས་བསམ་བཞེས་ནས། བོད་དུ་དཔུང་སྐྱོད་བྱེད་པའི་ལས་དོན་བཀོད་སྒྲིག་གནང་སྐབས། ཁོང་སྐུ་ངོ་མས“བོད་དུ་དཔུང་སྐྱོད་བྱེད་སྐབས་ས་གནས་ཀྱི་འབྲུ་རིགས་མི་བཟའ་བའི”མཛད་ཕྱོགས་གཏན་འཁེལ་གནང་བ་རེད། དེར་བརྟེན་བོད་སྐྱོད་དཔུང་སྡེ་ལྷ་སར་འབྱོར་རྗེས། ས་ཞིང་གསར་སྦོལ་དང་ཞིང་ར་བསྐྲུན་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཏུ་གྱུར་ཡོད།
1952ལོའི་ཟླ་3པར། ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་དང་རྩ་འཛུགས་པུའི་པུའུ་ཀྲང་ཡིན་པའི་དམག་དཔོན་མུའུ་ཧྲེང་ཀྲུང་གིས་ལས་ཁུངས་ཀྱི་ལས་དོན་མི་སྣའི་སྣེ་ཁྲིད་དེ་ས་རྒོད་གསར་སྦོལ་བྱས་ནས་ཐོན་སྐྱེད་བྱེད་འགོ་ཚུགས། ས་རྒོད་གསར་སྦོལ་བྱས་ནས་ས་ཞིང་ཆགས་པའི་བར་ཟླ་བ་3ལྷག་ཙམ་འགོར་བ་དང་། ཁྱོན་ས་རྒོད་མུའུ་1500ལྷག་ཙམ་གསར་སྦོལ་བྱས་པ་དང་ཆུ་ཡུར་སྨི་2500ཙམ་བཟོས་མཐར་ལས་དོན་ཨུ་ལྷན་ལས་ཁུངས་ཀྱི་ཐོན་སྐྱེད་རྟེན་གཞི་བསྐྲུན་ཐུབ་ཡོད།
1952ལོའི་ཟླ་7ཚེས་1ཉིན། བོད་ལྗོངས་ལས་དོན་ཨུ་ལྷན་གྱི་ཐོན་སྐྱེད་རྟེན་གཞིར“ལྷ་ས་བདུན་གཅིག་ཞིང་ལས་ཚན་རིག་ལག་རྩལ་ཚོད་ལྟ་ཁང”(“བདུན་གཅིག་ཞིང་ར”ཞེས་བསྡུ་རྒྱུ)ཞེས་པའི་མིང་དངོས་སུ་བཏགས་པ་རེད། དེའི་རྗེས“བདུན་གཅིག་ཞིང་རའི”རྨང་གཞིའི་ཐོག་བོད་ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་བཙུགས། ལོ་དེའི་སྟོན་དུས་སུ། ཞིང་རར་ལོ་ལེགས་ཡག་པོ་བྱུང་སྟེ། མུའུ་རེ་ནས་ཐོན་འབབ་རྒྱ་མ་400ལྷག་ཙམ་ཟིན་པ་དེ་ཉེ་འཁོར་མང་ཚོགས་ཀྱི་ཐོན་འབབ་ལས་ལྡབ་གསུམ་གྱིས་མང་བ་ཡོད།
ལོ་བཅུ་ཕྲག་ཁ་ཤས་ཀྱི་འཕེལ་རྒྱས་བརྒྱུད། “བདུན་གཅིག་ཞིང་ར”དེ་ད་ཆའི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ལ་གྱུར་པ་དང་ས་མཐོའི་སོན་བཟང་ཁག་དང་ཁག་བྱས་ནས་འདེབས་གསོ་བྱུང་སྟེ། བོད་ཀྱི་ནས་སོན་གྱི་70%ཡན་ཟིན་ནས་བོད་ཀྱི་ཞིང་ལས་ཐོན་སྐྱེད་ཡར་ཐོན་ཡོང་བར་འབྱུང་ཁུངས་དང་སྒུལ་ཤུགས་མཁོ་འདོན་བྱས་ཡོད།
“ཐོན་འབབ་མཐོ་རུ་གཏོང་ཆེད། བོད་ཀྱི་ནས་ཀྱི་ས་བོན་ལ་འགྱུར་ལྡོག་ཐེངས་ལྔ་བཏང་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཝུན་ཧྥུང་གིས་ངོ་སྤྲོད་བྱས།
ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འགྱུར་ལྡོག་ཐེངས་དང་པོ་ནི་དུས་རབས་20པའི་ལོ་རབས་50ནས་70པའི་བར་ཡིན་ཞིང་། དེའི་རིང་མི་རྣམས་ཀྱིས་བོད་རང་གི་ནས་ཀྱི་རིགས་བདམས་ཏེ་བཟང་སྒྲུག་བསྐྱར་གསོ་བྱས་པ་དང་། སྐབས་དེ་དུས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་100ལས་ཟིན་གྱི་མེད། འགྱུར་ལྡོག་ཐེངས་གཉིས་པ་ནི་དུས་རབས་20པའི་ལོ་རབས་70ནས་80པའི་བར་ཡིན་ཞིང་། དེའི་རིང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས“བོད་ནས་ཨང་336”དང“ཧི་མ་ལ་ཡ་ཨང་2པ”འདེབས་གསོ་བྱས་ཏེ་ཞིང་ནང་ལག་རྩལ་ཁྱབ་གདལ་གཏོང་འགོ་ཚུགས་ཡོད། འགྱུར་ལྡོག་ཐེངས་གསུམ་པ་ནི་དུས་རབས་20པའི་ལོ་རབས་90ནས་དུས་རབས་21པའི་དུས་འགོ་བར་ཡིན་ཞིང་། དེའི་རིང“བོད་ནས་ཨང་320”དང་། “དགུན་ནས་ཨང་1པོ”“ཧི་མ་ལ་ཡ་ཨང་19པ”བཅས་ཁྱབ་གདལ་བཏང་སྟེ་དགུན་ནས་འདེབས་འགོ་ཚུགས་ཡོད། འགྱུར་ལྡོག་ཐེངས་བཞི་པ་ནི་དུས་རབས་21པའི་ལོ་རབས་10པ་ནས་ལོ་རབས་20པའི་བར་ཡིན་ཞིང་། དེའི་རིང“བོད་ནས་ཨང་2000”དང་། “ཧི་མ་ལ་ཡ་ཨང་22པ”“དགུན་ནས་ཨང་18པ”སོགས་ཀྱི་རིགས་ཁྱབ་གདལ་བཏང་ཡོད། འགྱུར་ལྡོག་མཇུག་ཤོས་ནི་2021ལོ་ནས་ད་ལྟའི་བར་ཡིན་ཞིང་། དེའི་རིང་བོད་ནས“ཨང་3000”དང“ཧི་མ་ལ་ཡ་ཨང་23པ”སོགས་ཀྱི་རིགས་ཁྱབ་གདལ་བཏང་བས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་300ནས་400བར་ཟིན་ཡོད།
ལོ་30ལྷག་ཙམ་གྱི་གོང་། རྒྱལ་རྩེ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། རྫོང་དཔོན་གཞོན་པ་དང་པོ། མཐོ་རིམ་ཞིང་ལས་ལག་རྩལ་པ་བཅས་ཡིན་པའི་མོང་ཧྲའོ་ཆན་གྱིས་དེ་ག་ནས་འདེབས་གསོ་བྱས་པའི“བོད་ནས་ཨང་320”དང“བོད་ནས་ཨང་336”སོགས་ཀྱི་སོན་བཟང་རྨང་གཞིར་བྱས་པས། རྒྱལ་རྩེ་རྫོང་འདི་ཉིད་བོད་ཀྱི་འབྲུ་དང་པད་ཁའི་ཐོན་འབབ་རྒྱ་མ་དུང་ཕྱུར་ཟིན་པའི་རྫོང་དང་པོར་གྱུར།
2024ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་110ལས་བརྒལ་ཡོད།
གྲུབ་འབྲས་ཐོབ་པའི་ཚོད་ལྟ་ཞིག
1966ལོར། ཡོན་ལུང་ཕིང་དང་དགེ་རྒན་གཅིག་པའི་གཞོན་ནུ་མོང་ཧྲའོ་ཆན་ལྷོ་ནུབ་ཞིང་ལས་སློབ་གླིང་ཞིང་ལས་རིག་པའི་ཚན་ཁག་གི་ཞིང་ལས་རིག་པའི་ཆེད་ལས་ནས་ཐོན་རྗེས་རྒྱལ་ཁབ་ཀྱི་ལས་བགོས་དང་ལེན་ཞུས་ནས་བོད་དུ་ཡོང་ཞིང་། 1970ལོར་གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་དུ་ལས་ཀ་བྱས།
“སྐབས་དེའི་བོད་ཀྱི་ཞིང་ལས་ཐོན་སྐྱེད་གནས་ཚུལ་ཧ་ལམ‘གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ’དགོས་ཀྱི་འདུག ལག་རྩལ་ཤེས་པའི་ལས་བྱེད་པ་ཧ་ཅང་དཀོན་པས་ཞིང་ལས་ཐོན་སྐྱེད་ཐད་ཚན་རྩལ་སྤྱོད་ཉུང་བ་དང་། སོན་བཟང་ཁྱབ་གདལ་བཏང་ཚད་ཀྱང་ཧ་ཅང་དམའ་པོ་འདུག ཞིང་ཆུ་ལེབ་གཏོང་བྱེད་ཀྱི་ཡོད་པས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་100ཙམ་ལས་ཟིན་གྱི་མི་འདུག བོད་རང་ནས་ཐོན་སྐྱེད་བྱས་པའི་འབྲུ་རིགས་ཀྱིས་ལས་བྱེད་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་གཏན་ནས་སྐོང་མི་ཐུབ་པས་ལྗོངས་ཕྱི་ནས་དབོར་འདྲེན་མི་བྱེད་ཀ་མེད་རེད”ཅེས་མོང་ཧྲའོ་ཆན་གྱིས་བཤད།
1980ལོར། རྒྱལ་རྩེ་རྫོང་གིས་ཤར་ཕྱོགས་ཀུང་ཧྲེ་དེ་ཞིང་ལས་ལག་རྩལ་ཁྱབ་གདལ་ཚོད་ལྟའི་ཀུང་ཧྲེར་བརྩིས་ཐོག་མོང་ཧྲའོ་ཆན་མངགས་ནས་ལོ་གཅིག་བསྡད་པ་རེད། མོང་ཧྲའོ་ཆན་དང་ལས་དོན་ཚོགས་ཆུང་གིས་འཕྲུལ་རྨོ་འཕྲུལ་སྤར་དང་། དུས་བསྟུན་འདེབས་འཛུགས། སོན་བཟང་ཁྱབ་གདལ། ཚན་རིག་དང་མཐུན་པའི་ཆུ་གཏོང་བ། རྫས་ལུད་སྤྱོད་པ། རྨོ་འདེབས་ཞིབ་ཚགས་སོགས་ཚན་རིག་དང་མཐུན་པའི་ཞིང་ཁ་འདེབས་ཐབས་ཁག་བདུན་སྤྱད་དེ་ཀུང་ཧྲེ་དང་རུ་ཁག་གི་ལས་བྱེད་པ་དང་ལས་སྒྲུབ་ཙུའུ་ཀྲང་ཚོར་གསོ་སྦྱོང་འཛིན་གྲྭ་གཉེར་ནས། དུད་ཚང་རེར“ཚན་རིག་དང་མཐུན་པའི་སོ་ནམ་མཁས་པ”རེ་གསོ་སྦྱོང་བྱས་པ་མ་ཟད། ད་དུང་ཞིང་ནང་དང་མུ་ཁར་བསྐྱོད་དེ་དཔེ་སྟོན་མཛུབ་ཁྲིད་ཀྱང་བྱས་པ་རེད། ལོ་མཇུག་ཏུ་སླེབས་སྐབས། ཤར་ཕྱོགས་ཀུང་ཧྲེའི་འབྲུ་དང་པད་ཁའི་སྤྱིའི་ཐོན་འབབ་1979ལོའི་རྒྱ་མ་ཁྲི་101ཡིན་པ་ནས་ལྡབ་གཅིག་འཕར་ནས་རྒྱ་མ་ཁྲི་203ཟིན་ཏེ་རྫོང་དེ་ཡོངས་དང་ཐ་ན་གཞིས་རྩེ་ས་ཁུལ་ཡོངས་ལ་སྐད་གྲགས་ཆོད།
ཤར་ཕྱོགས་ཀུང་ཧྲེའི་ཚོད་ལྟར་གྲུབ་འབྲས་ཐོབ་པ་དེའི་ཐོག་ནས་བོད་དུ་ལོ་ལེགས་ཡག་པོ་བྱུང་སྟེ་མང་ཚོགས་གྲོད་པ་རྒྱགས་ཐུབ་ངེས་ཡིན་པའི་ར་འཕྲོད་བྱུང་ཡོད།
“སོ་ནམ་པ”མི་རབས་མང་པོས་བློ་རྩ་བརྟན་པོས་མདུན་དུ་བསྐྱོད་པ།
1987ལོར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ལ་འབྲུ་རིགས་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། རྒྱལ་རྩེ་རྫོང་འདི་ཉིད་ལོ་གསུམ་ནང་འབྲུ་དང་པད་ཁ་རྒྱ་མ་དུང་ཕྱུར་ཟིན་པའི་རྫོང་དུ་འཛུགས་སྐྲུན་ཚོད་ལྟ་བྱ་རྒྱུའི་འཆར་གཞི་བཀོད་པ་རེད།
སྐབས་དེ་དུས་གཞིས་རྩེ་ས་ཁུལ་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་པོ་ཡིན་པའི་མོང་ཧྲའོ་ཆན་རྩ་འཛུགས་ཀྱིས་བཙལ་ནས་ཁོང་ལ་འགན་ཞིབ་ཕྲ་འཁུར་རྒྱུའི་རེ་བ་བཏོན།
1987ལོའི་ཟླ་7པར། མོང་ཧྲའོ་ཆན་གྱིས་བློ་ཐག་ཆོད་པོས་རྒྱལ་རྩེར་བསྐྱོད་ནས་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རྫོང་དཔོན་གཞོན་པ་དང་པོའི་འགན་ཁུར་ཏེ། འབྲུ་དང་པད་ཁ་རྒྱ་མ་དུང་ཕྱུར་ཟིན་པའི་རྫོང་བསྐྲུན་རྒྱུའི་ལས་འགན་ལྕི་པོ་ཕྲག་ཏུ་བླངས་པ་དང་འབྲེལ། རྫོང་ཨུད་དང་རྫོང་སྲིད་གཞུང་གི་ལས་ཀའི་བསམ་ཕྱོགས་གསུམ་བཟོ་རྒྱུར་སྐུལ་འདེད་བཏང་བ་སྟེ། ཁྱིམ་ཚང་གི་འགན་གཙང་འགན་འཁྲིའི་ལམ་ལུགས་མུ་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་བེད་ལྟེ་བར་བྱས་པའི་ཞིང་འབྲོག་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པའི་ཞིང་ཁ་འདེབས་པའི་ཆུ་ཚད་མཐོ་རུ་དང་ཚན་རིག་ལག་རྩལ་ལ་བརྟེན་ནས་འབྲུ་དང་པད་ཁའི་ཐོན་འབབ་མཐོ་རུ་གཏོང་བ་བཅས་རེད།
དུས་ཐུང་ལོ་གསུམ་ནང་། རྒྱལ་རྩེ་རྫོང་གི་འབྲུ་དང་པད་ཁའི་ཐོན་འབབ་བསྡོམས་འབོར་1987ལོའི་རྒྱ་མ་ཁྲི་7009ནས་1990ལོའི་རྒྱ་མ་ཁྲི་10135བར་མགྱོགས་མྱུར་འཕར་ཏེ། དམིགས་ཚད་ལས་འགན་ལེགས་གྲུབ་བྱུང་བ་དང་རྫོང་ཁོངས་སུ་བསྟུད་མར་འཕར་བའི་རྒྱལ་ཡོངས་ཀྱི་ཟིན་ཐོ་བཏོད་པས། རྒྱལ་ཡོངས་ཀྱི་ཞིང་ལས་སྟོབས་ཆེའི་རྫོང་བརྒྱ་དང་རང་སྐྱོང་ལྗོངས་ཀྱི་ཞིང་ལས་དཔེ་མཚོན་རྫོང་དུ་བདམས་པ་རེད།
1994ལོར། མོང་ཧྲའོ་ཆན་གྱིས་གཞིས་རྩེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པའི་འགན་ཁུར་ནས་ཞིང་འབྲོག་དང་གྲོང་གསེབ་ཀྱི་ལས་དོན་ལ་ཁག་བགོས་དོ་དམ་བྱས། ཁོང་གི་གཙོ་ཁྲིད་འོག་གཞིས་རྩེ་ས་ཁུལ་གྱི་འབྲུ་དང་པད་ཁའི་ཐོན་འབབ་བསྡོམས་འབོར་1994ལོའི་རྒྱ་མ་དུང་ཕྱུར་5.58ནས་1999ལོའི་རྒྱ་མ་དུང་ཕྱུར་7.46བར་འཕར་བ་དང་། ལོ་རེར་ཆ་སྙོམས་7.46%འཕར་ཞིང་། འབྲུ་དང་པད་ཁའི་ཐོན་འབབ་བསྡོམས་འབོར་གྱིས་ལྗོངས་ཡོངས་ཀྱི་48%བཟུང་བས་གཞིས་རྩེ་འདི་ཉིད་མིང་དོན་མཚུངས་པའི“བོད་ཀྱི་འབྲུ་མཛོད”ལ་གྱུར་ཡོད།
དེས་ན་བོད་ཀྱི་འབྲུ་རིགས་ཐོན་འཕར་གྱི་གོམ་སྟབས་མུ་མཐུད་སྤོ་བཞིན་ཡོད་པ་སྟེ། 2024ལོའི་ལོ་མཇུག་བར། བོད་ཀྱི་ཐོན་ལས་དང་པོའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་361.9ཟིན་པ་དེ་1965ལོ་ལས་ལྡབ་156འཕར་བ་དང་། དེའི་ནང་འབྲུ་རིགས་དང་ནས་ཀྱི་ཐོན་འབབ་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ནས། འབྲུ་རིགས་ཐོན་འབབ་བསྡོམས་འབོར་1965ལོའི་ཏུན་ཁྲི་29.1ནས་ཏུན་ཁྲི་112.9བར་འཕར་བ་དང་། ནས་ཀྱི་ཐོན་འབབ་ཏུན་ཁྲི་88.8ཟིན་ནས་རྒྱ་ཁྱོན་དང་། ཐོན་འབབ། མུའུ་རེའི་ཐོན་འབབ་བཅས་གསུམ་ག་འཕར་བའི་རྣམ་པ་བཟང་པོ་མངོན་ཞིང་། “ས་གྲོལ་འབྲུ་འདེབས”དང“ས་གྲོལ་རྩྭ་འདེབས”ལ་བརྟེན་ནས་འབྲུ་རིགས་བདེ་འཇགས་ལ་སྔར་བས་འགན་ལེན་བྱས་ཡོད།
“ཞིང་ལས་ཚན་རིག་པ”མི་རབས་གསར་པ་ཝང་ཝུན་ཧྥུང་གིས་ཚོད་ལྟའི་ཞིང་ནང་དུ་ལངས་ནས། ནས་ཀྱི་རིགས་མི་འདྲ་བའི་ཁྱད་པར་ཞིབ་ཕྲ་དང་དེ་བཞིན་འདེབས་འཛུགས་ལ་འཚམ་པའི་ས་ཁོངས་རེ་རེ་བཞིན་སྨྱུག་འཛིན་པར་ངོ་སྤྲོད་བྱས་ཤིང་། ཁོང་གིས“ལོ་ལྟར་ཟླ་བ་བརྒྱད་རིང་ནས་འདེབས་འཛུགས་བྱེད་རིང་ང་ཚོའི་ཚན་རྩལ་ཞབས་ཞུ་རུ་ཁག་གིས་མང་ཚོགས་ལ་གནས་སྡོད་རྣམ་པའི་ལག་རྩལ་མཛུབ་ཁྲིད་བྱས་ནས་ལོ་ལེགས་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད”ཅེས་བཤད་ཅིང་། ཝང་ཝུན་ཧྥུང་གིས་ལག་པས་སྙེ་མ་བཙིར་ནས་ཞིབ་ཕྲ་ལྟ་བའི་རྣམ་འགྱུར་དེ་འདྲ་པར་ཐོག་ཏུ་ཡོད་པའི་ལོ་30ལྷག་ཙམ་གོང་གི་མོང་ཧྲའོ་ཆན་དང་ཧ་ཅང་འདྲ་པོ་ཡོད་པ་རེད།
ཀརྨ།
སྔོ་མདངས་རྒྱས་པའི་ཞིང་ས་ཡིས་འབྱོར་ཕྱུག་གི་འཚོ་བ་བཏོད་ཡོད།
ལྷ་སའི་ནུབ་རྒྱུད་ཀྱི་སྤྱི་ལེ་50ཡི་སའི་སྟོད་ལུང་གཙང་འགྲམ་དུ་ས་བབ་སྨི་3900ཡོད་པའི་བདེ་ཆེན་གྲོང་རྡལ་འདི་ཉིད་ལྷིང་འཇགས་སུ་གནས་ཡོད་ཅིང་། ད་ཆ་དེ་གར་སྙེ་མའི་རྦ་རླབས་ལང་ལོང་དུ་གཡོ་བ་དང་དུ་ཞག་སྔོ་ལྷོག་ལྷོག་དུ་འཕྱུར་བཞིན་ཡོད་ནའང་དུས་རབས་20པའི་ལོ་རབས་ལྔ་བཅུ་དྲུག་ཅུར། དེ་ག་ནི་དཔལ་འབྱོར་གྱི་རྨང་གཞི་ཞན་པ་དང་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་ཡོད་པའི་གྲོང་ཚོ་ཞིག་རེད།
ཉེ་བའི་ལོ་ཤས་རིང་། ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་པར་ཕན་འདོགས་པའི་སྲིད་ཇུས་རབ་དང་རིམ་པས་ས་མཐོའི་ཞིང་ལས་ལ་ཚན་རྩལ་གྱི་སྒུལ་ནུས་མུ་མཐུད་བསྣན་ཡོད། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ལོ་ལྟར་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་བསྐྱོད་དེ། ལག་རྩལ་གསར་པ་དང་འདུ་ཤེས་གསར་པ་ཁྱེར་ནས་དུས་བཀག་ལྟར་ཡུལ་མི་ཚོར་གསོ་སྦྱོང་བྱེད་ཀྱི་ཡོད། གྲོང་ཚོ་ཁག་ལ་བཀོད་སྒྲིག་བྱས་པའི་ཞིང་འབྲོག་ཆེད་བསྐོས་ལས་བྱེད་པ་དང་ཚན་རྩལ་ཆེད་མངགས་པ་འཐབ་ས་དང་པོར་གཞིས་ཆགས་ནས། ཞིང་ནང་དང་མུ་ཁར་ཡུལ་མི་ཚོར་ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱེད་སྟངས་དམར་ཁྲིད་བྱས་པར། ཀརྨའི་ཁྱིམ་ཚང་ལ་ཞིང་ལས་ཡར་ཐོན་གྱི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
ཀརྨ་ཡིས་རྒྱང་རིང་གི་ཡུག་འབྲེལ་ས་ཞིང་དག་ལ་མཛུབ་མོ་འཛུགས་བཞིན“ད་ལོ་གསར་དུ་བཏབ་པའི་མུའུ་18ཀྱི་ནས་འབྲུར་རྩམ་པ་བཏགས་ཚེ་ང་ཚོའི་ཁྱིམ་ལ་ལོ་གསུམ་འདང་ངེས་རེད” ད་ཆ་ཁོང་དང་ཨ་མས་ལོ་ལྟར་ནས་འབྲུ་དོ་པོ་ཁ་ཤས་ཁྱིམ་མཚེས་གྲོང་ཚོའི་རྩམ་པ་མཉམ་ལས་ཁང་ལ་འཚོང་གི་ཡོད། ཡོང་འབབ་བརྟན་པོ་ཡོད་པ་དེ་ཁོང་ཚོའི་འཚོ་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད།
སྲིད་ཇུས་ཀྱི་རོགས་སྐྱོར་དང་ཚན་རྩལ་གྱི་མཐུན་རྐྱེན་ལས། བདེ་ཆེན་གྲོང་རྡལ་གྱི་ཚད་གཞི་མཐོ་བའི་ཞིང་ནང་དུ་ཐིགས་ཆུ་གཏོང་བའི་སྦུབས་ལམ་དྲ་བ་བཞིན་ཁྲིད་ཡོད་པ་དང་། ས་གཙང་ཀུང་སིའི་རིག་ནུས་དྲོད་ཁང་ཆེན་པོའི་ནང་དྲོད་ཚད་ཚོད་འཛིན་མ་ལག་གིས་དྲོད་ཚད་སྙོམ་སྒྲིག་བྱེད་བཞིན་འདུག ཡུལ་མི་ཚོས་སྔོན་མ་ལྟར་གནམ་ཆུ་སྒུག་ནས་སྡོད་མི་དགོས་པར་གྲངས་གཞིར་བརྟེན་ནས་འདེབས་འཛུགས་ལ་མཛུབ་ཁྲིད་བྱེད་པ་དང་ཚན་རྩལ་ལ་བརྟེན་ནས་ལོ་ལེགས་ཡོང་ཐབས་བྱེད་ཀྱི་ཡོད།
སྐྱེ་འཚར་བཟང་བའི་ལོ་ཏོག་ལ་ལྟ་བཞིན་ཀརྨ་ཡིས“སྔོན་ཆད་ཞིང་ཁ་འདེབས་པར་ཉམས་མྱོང་ངེས་ཅན་ཡོད་དགོས་མོད། ད་ལྟ་ཞིང་ཁ་འདེབས་པར་ཚན་རིག་ལ་བརྟེན་གྱི་ཡོད། སླད་ཕྱིན་གྱི་འཚོ་བ་སྔོ་ལྗང་གི་ས་ཞིང་འདི་དང་འདྲ་བར་ཇེ་ལེགས་སུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་ཚོར་སྣང་ཟབ་མོས་བཤད།
ཕུན་ཚོགས།
གྲོང་ཚོའི་ནང“ལུག་གི་དངུལ་ཁང”བཙུགས་ཡོད།
གཞུང་སྨད་ཤང་ནི་ས་སྐྱ་རྫོང་གྲོང་གི་ནུབ་རྒྱུད་དུ་གནས་པ་དང་དེ་སྔ་རྫོང་ཡོངས་ཀྱི་ཆེས་དབུལ་བའི་ཤང་གི་གྲས་ཤིག་རེད།
ཕུན་ཚོགས་ནི་གཞུང་སྨད་ཤང་དཀར་པོ་ཆེ་གྲོང་ཚོ་ནས་ཡིན་པ་དང་། ཆུ་འདུས་གྲོང་ཚོ་དང་བར་ཐག་སྤྱི་ལེ་ལྔ་ཡང་མེད། གྲོང་ཚོ་དེ་གཉིས་ཀ་འབྲོག་ལས་གཙོ་བོ་ཡིན་པས། དུས་ཡུན་རིང་པོར་ཕྱི་ཕྱོགས་དང་འབྲེལ་བ་དེ་ཙམ་མེད་རུང་རང་ཁ་རང་གསོ་ཐུབ་ཀྱི་ཡོད།
ཕུན་ཚོགས་ཀྱིས་གསར་འགོད་པར་བརྗོད་དོན། ང་རང་ཧ་གཉིད་གོ་བ་ནས་བཟུང་ཡུལ་མི་ཚོས་ལུག་གསོས་ནས་འཚོ་བ་བསྐྱལ་གྱི་ཡོད་མོད། འོན་ཀྱང་དེ་ལྟར་ལོ་གཅིག་སོང་རུང་ཚང་མའི་ཟས་གོས་འཕྱིད་ཙམ་ལས་མེད། རྒྱལ་ཁབ་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་དངུལ་སྤྲད་རྗེས“གྲོང་ཚོར་ཧ་ལམ་ཞོར་ལས་ཡོང་འབབ་གང་ཡང་མེད་པའི”གནས་ཚུལ་ལ་གཞི་ནས་འགྱུར་ལྡོག་བྱུང་ཡོད།
2017ལོ་ནས་འདི་ལོའི་ལོ་འགོའི་བར། ཕུན་ཚོགས་ཀྱིས་དཀར་པོ་ཆེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་ཡོད། ཧྲུའུ་ཅི་བྱས་པའི་ཐོག་མར་ཕུན་ཚོགས་ཀྱིས་ཕ་ཡུལ་འཕེལ་རྒྱས་གཏོང་མི་ཐུབ་པའི་གནད་འགག་ནི་གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་མེད་པས་ཡིན་པ་ཤེས།
དེས་ན་2019ལོར་ཁོང་གིས་གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་དེ་གྲོང་ཚོའི་དངོས་ཡོད་གནས་ཚུལ་ལ་གཞི་ཚུགས་མཐར“ཆུ་འདུས་གྲོང་ཚོ་དང་མཉམ་དུ་གསོ་ཚགས་མཉམ་ལས་ཁང་བཙུགས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་དགོས་པའི”བསམ་བློ་འཁོར།
ཁ་བཤད་ལག་བསྟར་ཐུབ་པ་དགོས། དེ་ལྟར་གྲོང་ཚོ་གཉིས་ཀྱིས་འཕྲལ་མར་ལས་དོན་ཆེད་སྒྲུབ་ཚན་ཁག་བཙུགས་ནས་དུད་ཚང་རེ་རེ་བཞིན་ལ་བཅར་འདྲི་དང་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་མཉམ་ལས་ཁང་འཕེལ་རྒྱས་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པ་རེད། དེས་མ་ཟད་ཁག་དང་རིམ་པ་དབྱེ་ནས་ཚོགས་འདུ་འཚོགས་ཤིང་། གྲོས་བསྡུར་དང་གྲ་སྒྲིག་གང་ལེགས་བྱས་པ་བརྒྱུད། ལུག་གི་མ་རྐང་ནང་ཞུགས་པའི་རིན་གོང་དང་། མ་རྐང་ནང་ཞུགས་སྟངས། མ་རྐང་ནང་ཞུགས་ཡུན་སོགས་གཏན་འཁེལ་བྱས།
ལོ་དེའི་ཟླ་7པར། གཞུང་སྨད་ཤང་ཡུལ་སྨད་ཕྱུགས་རིགས་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཐོ་འགོད་ལེགས་གྲུབ་བྱུང་ནས། མཐར་ལུག་མགོ་གྲངས་5305དང་རྩྭ་ར་མུའུ་ཁྲི་17.24མ་རྐང་ནང་ཞུགས་པ་དང་། གྲོང་ཚོ་གཉིས་ཀྱི་དུད་ཚང་136གི་མི་562ཚང་མ་མ་རྐང་ནང་ཞུགས་པ། རྒྱུན་སྡོད་ཕྱུགས་རྫི་བ་16གཏན་འཁེལ་བཟོས་ཡོད། 2020ལོ་ནས་2022ལོ་བར་མཉམ་ལས་ཁང་ལ་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་བྱུང་ཡོད།
“མདོར་བསྡུས་ནས་བཤད་ན། མཉམ་ལས་ཁང་འདི་ནི‘ལུག་གི་དངུལ་ཁང’ཞིག་དང་འདྲ་བར། མང་ཚོགས་ཀྱིས་མ་རྐང་ནང་ཞུགས་པའི་ཐོག་ནས་ལུག་གི་རིན་གོང་བཅག་སྟེ་མཉམ་ལས་ཁང་དུ་བཅོལ་བ་དང་། ང་ཚོས་ལོ་ལྟར་མ་རྐང་ནང་ཞུགས་པའི་རིན་གོང་ལྟར་བགོ་འགྲེམས་རྒྱག་པའི་ཐོག་ནས་ཚང་མར་སྐྱེད་ཀ་15%སྤྲོད་ཀྱི་ཡོད”ཅེས་ཕུན་ཚོགས་ཀྱིས་འཛུམ་དམུལ་དམུལ་ངང་བཤད།
འབྲེལ་ཡོད་གསར་འགྱུར།