ལའེ་ཅའོ་ཡིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་སྐབས་སུ་རང་སྐྱོང་ལྗོངས་དབུ་མ་བརྙེས་གོང་ཏང་ནང་ཞུགས་མཁན་ཏང་ཡོན་རྒན་གྲས་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་བཅས་ལ་འཚམས་འདྲི་ཞུས་པ།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་སྐབས་སུ། ཚེས་12ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ལྷ་ས་གྲོང་ཁྱེར་དུ་རང་སྐྱོང་ལྗོངས་དབུ་མ་བརྙེས་གོང་ཏང་ནང་ཞུགས་མཁན་ཏང་ཡོན་རྒན་གྲས་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་བཅས་ལ་འཚམས་འདྲི་ཞུས་ནས་ཁོང་ཚོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐུགས་ཁུར་བརྒྱུད་བསྒྲགས་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་ཁོང་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
འཚམས་འདྲི་གནང་རིང་། ལའེ་ཅའོ་ཡིས། ཏང་ཡོན་རྒན་གྲས་ནི་མཐའ་སྐྱོང་བོད་བརྟན་གྱི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། གསར་བརྗེ་པ་རྒན་རབས་ཚོའི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཐེག་པ་འཁུར་ལེན་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། རྩ་འཛུགས་སྡེ་ཚན་དང་ལས་བྱེད་པ་རྒན་གྲས་ལས་དོན་སྡེ་ཚན་གྱིས་གསུང་སྒྲ་དང་བརྙན་པར་སྤྱོད་མཁས་པོ་བྱས་ནས་གསར་བརྗེའི་ལོ་རྒྱུས་ཟིན་ཐོར་བཀོད་དེ་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་གངས་ལྗོངས་ས་མཐོར་མི་རབས་ནས་མི་རབས་བར་དར་བ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་རང་འགུལ་ངང་ཏང་ཡོན་རྒན་གྲས་དང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་ལ་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་ཡག་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ཚོའི་ཆབ་སྲིད་ཀྱི་གཟི་བརྗིད་ཚོར་སྣང་དང་། རྩ་འཛུགས་ཀྱི་གཏོགས་སེམས། འཚོ་བའི་སྐྱིད་སྣང་བཅས་སྔར་བས་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།