ལྷ་སའི་ཚོང་ཁང་ཆེ་མོའི་ལོ་ངོ་60ཡི་དྲན་ཤེས།
གདམ་ག་གཅིག་ནས་མང་པོའི་བར་གྱི་འགྱུར་ལྡོག
འདི་ནི་1984ལོའི་ཟླ་3པར། མང་ཚོགས་ཀྱིས་ལྷ་སའི་ཚོང་ཁང་ཆེ་མོ་ནས་ཚོང་ཟོག་ཉོ་བཞིན་པ། (དཔྱད་གཞིའི་པར་རིས)
འདི་ནི་ད་ཆའི་ལྷ་སའི་ཚོང་ཁང་ཆེ་མོའི་ཕྱིའི་རྣམ་པ་ཡིན་པ། (2025ལོའི་ཟླ་7ཚེས་23ཉིན་པར་བརྒྱབ)
པར་རྙིང་པ་འདི་ནི་དུས་རབས་གོང་མའི་ལོ་རབས་80པར་མང་ཚོགས་ཀྱིས་ལྷ་སའི་ཚོང་ཁང་ཆེ་མོ་ནས་ཚོང་ཟོག་ཉོ་བཞིན་པའི་རྣམ་པ་རེད། བོད་རང་སྐྱོང་ལྗོངས་དང་ན་ཟླ་ཡིན་པའི་ལྷ་སའི་ཚོང་ཁང་ཆེ་མོ་ནི(མིང་ཆ་ཚང་ལ“བོད་ལྗོངས་ལྷ་སའི་བརྒྱ་ཟོག་ཚོང་དོན་ཚད་ཡོད་ཀུང་སི”དང་མིང་གཞན་ལ“ཏ་ལི་ཐང”ཡང་ཟེར)སྐབས་ཤིག་རིང་ལྷ་སའི་གྲོང་མི་ཙམ་མ་ཟད། ལྗོངས་ཡོངས་ཀྱི་མང་ཚོགས་ཀྱི་ཚོང་ཟོག་ཉོ་ས་དང་སྤྲོ་གསེང་གི་གནས་གལ་ཆེན་འབའ་ཞིག་དེ་རེད།
1965ལོར། བོད་རང་སྐྱོང་ལྗོངས་དབུ་བརྙེས་སྐབས་དངོས་ཟོག་འཁོར་རྒྱུག་གི་རྨང་གཞི་ཞན་པོ་ཡོད། ལོ་དེར། ལྷ་ས་གྲོང་ཁྱེར་བརྒྱ་ཟོག་ཀུང་སི་བཙུགས་པ་དེས། དམངས་ཀྱི་མཁོ་སྤྲོད་འགན་ལེན་དང་ཁྲོམ་ར་བརྟན་སྲུང་གི་ལས་འགན་གལ་ཆེན་ཁུར་ནས། མང་ཚོགས་ལ་འཚོ་བའི་མཁོ་ཆས་མཁོ་འདོན་བྱེད་ཀྱི་ཡོད་པས། དེ་ནི་སྐབས་དེའི་དམངས་འཚོའི་ཞབས་ཞུའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།
སྒྱུར་བཅོས་སྒོ་དབྱེ་བྱེད་ཟབ་ཏུ་བཏང་བ་དང་བསྟུན་ནས། བོད་ལྗོངས་ཀྱི་ཚོང་དོན་ཁྱབ་ཁོངས་དེ་ཁྲོམ་ར་ཅན་གྱི་ཕྱོགས་སྒྱུར་དུས་རིམ་དུ་སླེབས་ཡོད། 1998ལོར། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྲིད་གཞུང་གི་རྒྱབ་སྐྱོར་འོག ལྷ་སའི་ཚོང་ཁང་ཆེ་མོར་བསྐྱར་བཟོ་རྒྱས་སྐྲུན་བྱེད་འགོ་ཚུགས། 1999ལོར། གསར་དུ་བསྐྲུན་པའི་ལྷ་སའི་ཚོང་ཁང་ཆེ་མོ་དངོས་སུ་ལས་གཉེར་བྱེད་འགོ་བཙུགས་ཤིང་། གཉེར་སྐྱོང་གི་རྒྱ་ཁྱོན་དང་ལས་རྣམ་གྱི་རིགས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པས་བོད་ལྗོངས་ཀྱི་ཚོང་དོན་དེ་མཁོ་སྤྲོད་རྐྱང་པ་ནས་སྣ་མང་ཞབས་ཞུར་འགྱུར་ལྡོག་བྱུང་བ་མཚོན་ཡོད། 2008ལོར། ལྷ་ས་གྲོང་ཁྱེར་བརྒྱ་ཟོག་ཀུང་སི་དེ“བོད་ལྗོངས་ལྷ་ས་བརྒྱ་ཟོག་ཚོང་དོན་ཚད་ཡོད་ཀུང་སིར”ལམས་ལུགས་བསྒྱུར་བཅོས་བྱས་པ་དང་ཁྲོམ་ར་ཅན་གྱི་ལམ་ལུགས་ཀྱིས་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་ནས་བོད་ལྗོངས་ཚོང་དོན་ཁེ་ལས་ཁྲོམ་རའི་དཔལ་འབྱོར་དང་འཚམ་པའི་དཔེ་མཚོན་དུ་གྱུར་ཡོད།
ད་ཆའི་ལྷ་སའི་ཚོང་ཁང་ཆེ་མོ་དེ་ལྷ་སའི་མཚོན་རྟགས་རང་བཞིན་གྱི་དེང་རབས་ཅན་གྱི་ཚོང་ལས་ཀྱི་ཕྱོགས་བསྡུས་སྒྲིག་གཞིར་འཕེལ་རྒྱས་ཕྱིན་ཞིང་། ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.76ཟིན་པ་དང་གཉེར་སྐྱོང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3.1ཟིན་གྱི་ཡོད། བརྒྱ་ཟོག་གཙོ་བོ་རྒྱལ་སྤྱི་རྒྱལ་ནང་གི་རྩེར་སོན་སྤུས་ལེགས་ཚོང་ཟོག་ནང་འདྲེན་བྱེད་ཚད་50%ལྷག་ཟིན་གྱི་ཡོད་པ་དང་རྒྱན་གོས་དང་ཁྱིམ་ཆས། མཛེས་འཆོས་བྱུག་རྫས་སོགས་ཁྱབ་ཁོངས་མང་པོའི་ཚོང་ཟོག་ཡོད་ཅིང་དེ་དག་གིས་མང་ཚོགས་ཀྱི་སྣ་མང་ཅན་གྱི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་བཞིན་ཡོད་པ་རེད།
ལྷ་སའི་ཚོང་ཁང་ཆེ་མོའི་འཕེལ་རྒྱས་ཀྱིས་བོད་ཀྱི་མང་ཚོགས་ཚོའི་འཛད་སྤྱོད་ཀྱི་དགོས་མཁོའི་འགྱུར་ལྡོག་ཐད་ཀར་མཚོན་པ་དང་། གཞི་རྩའི་འཚོ་བའི་དགོས་མཁོ་བསྐངས་པ་ནས་སྤུས་ཚད་ལེགས་པའི་འཚོ་བའི་དགོས་མཁོ་བསྐངས་པའི་བར་དང་། ཚོང་ཟོག་སྣ་ཁ་ཉུང་བ་ནས་གང་དགོས་ཉོ་རྒྱུ་ཡོད་པའི་བར་གྱི་འགྱུར་ལྡོག་འདི་དག་ལས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་བཅས་ཀྱི་གྲུབ་འབྲས་མངོན་བཞིན་ཡོད།
1965ལོར་ལྷ་ས་གྲོང་ཁྱེར་བརྒྱ་ཟོག་ཀུང་སི་བཙུགས་པ་ནས་ད་ལྟའི་དེང་རབས་ཅན་གྱི་ཕྱོགས་བསྡུས་ཁྲོམ་རའི་བར། ལྷ་སའི་བརྒྱ་ཟོག་གི་ལོ་ངོ་60ཡི་འཕེལ་རྒྱས་ནི་བོད་ཀྱི་ཚོང་དོན་འཁོར་རྒྱུག་ཁྱབ་ཁོངས་འགོ་བརྩམས་པ་ནས་འཐུས་སྒོ་ཚང་དུ་ཕྱིན་པའི་བར་གྱི་འཚར་ལོངས་ཀྱི་ལོ་རྒྱུས་ཀྱི་ལམ་བུ་རེད་ལ། བོད་ཀྱི་དམངས་འཚོ་ལེགས་གཏོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་སེམས་འགུལ་བའི་མཚོན་ཚུལ་ཞིག་ཀྱང་རེད།
ད་ཆ། ལྷ་སའི་ཚོང་ཁང་ཆེ་མོས་ཁེ་ལས་མཉམ་ལས་གཏིང་ཟབ་དང་། དྲ་ཐོག་ཞབས་ཞུ་ལེགས་སྒྱུར། སྤྱི་ཚོགས་ཀྱི་འགན་འཁྲི་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་མུ་མཐུད་ཞབས་ཞུའི་ནུས་པ་ལེགས་སུ་གཏོང་བཞིན་ཡོད་ལ། བོད་ལྗོངས་ཚོང་དོན་ཁྱབ་ཁོངས་ཀྱི་ཁེ་ལས་གལ་ཆེན་ཞིག་ཡིན་པའི་ཆ་ནས་ལྷ་སའི་ཚོང་ཁང་ཆེ་མོས་མུ་མཐུད་ས་མཐོར་གཞི་ཚུགས་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།