དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>བོད་ཀྱི་འཕོ་འགྱུར།
  • ཤག་བྱེའི་ལམ་ནས་རིམ་མཐོའི་གཞུང་ལམ་བར་གྱི་འགྱུར་ལྡོག

    ལམ་བཟོ་བ་རྒན་གྲས་ཤིག་གི་མཐོང་ཆོས་སུ་གྱུར་པའི་བོད་ཀྱི་འགྲིམ་འགྲུལ་གྱི་འཕོ་འགྱུར་ཆེན་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-17

    འདི་ནི་དུས་རབས་གོང་མའི་ལོ་རབས་70པའི་ནང་སྐྱ་སྐྱ་གཞུང་ལམ་དུམ་བུའི་བདག་སྐྱོང་བཟོ་པས་གངས་རིའི་འདབས་སུ་ལམ་བཟོ་བཞིན་པ།

    འདི་ནི་རྒད་པོ་ནོར་བུ་རྡོ་རྗེས(དཀྱིལ)ནང་མི་དང་མཉམ་དུ་འཚོ་བ་སྐྱེལ་བའི་གནས་ཚུལ་ཡིན་པ།

    སྟག་རྩེ་ཆུས་བདེ་ཆེན་གྲོང་ཚོའི་བོད་བཟོའི་སྒོ་ར་ཞིག་གི་ནང་། ལོ་92ལ་སླེབས་པའི་རྒད་པོ་ནོར་བུ་རྡོ་རྗེས་ལག་པ་འདར་སིག་སིག་ངང་ཚོས་གཞི་ལོག་པའི་ཤིང་སྒམ་ཞིག་ཁ་ཕྱེ་ཞིང་། དེའི་ནང་། 1985ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྤྲད་པའི་གཟི་བརྗིད་ལག་ཁྱེར་ཞིག་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་20འཁོར་སྐབས་ཀྱི་དྲན་རྟེན་རྟགས་མ་ཞིག་ཀྱང་ཡོད། ལག་ཁྱེར་སྟེང“བོད་ཞི་བས་བཅིངས་འགྲོལ་གཏོང་བ་དང་། བོད་ལྗོངས་འཛུགས་སྐྲུན་བྱེད་པ། མཐའ་སྲུང་སྲ་བརྟན་བྱེད་པ་བཅས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བར་གཟེངས་བསྟོད་བྱེད”ཅེས་འཁོད་པའི་ཡིག་འབྲུའི་ཚོན་མདོག་ལོག་ནས་སེར་པོ་ཆགས་ནའང་ད་དུང་གསལ་པོར་མཐོང་གི་འདུག

    1959ལོར་ནོར་བུ་རྡོ་རྗེ་མལ་གྲོ་གུང་དཀར་ཏའོ་པན་དུ་ལས་བགོས་བརྒྱབ་ནས་ལམ་སྐྱོང་ས་ཚིགས་ཀྱི་བཟོ་པ་ཞིག་ཏུ་གྱུར་ཏེ་གཞུང་ལམ་བདག་སྐྱོང་གི་འགན་ཁུར། དེ་ནས་བཟུང་། ཁོང་གིས་ལག་ཏུ་འཇོར་དང་སྦྱག་མ་ཁྱེར་ནས་རྒྱལ་ལམ་318དུ་ལོ་20ལྷག་ཙམ་ལས་ལ་ཞུགས་ཏེ་རང་ཉིད་ཀྱི་ལང་ཚོ་དང་ཁྲག་དྲོན་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་གི་ཆེད་དུ་ཕུལ་ཡོད།

    ནོར་བུ་རྡོ་རྗེས“དེ་དུས་ད་ལྟ་བཞིན་འཕྲུལ་ཆས་མེད་པར་ཤག་བྱེའི་ལམ་དེ་ཚང་མ་ལག་གཉིས་ཀྱིས་བཟོས་པ་ཞིག་རེད”ཅེས་ཚོས་གཞི་ལོག་ནས་སེར་པོར་གྱུར་པའི་པར་ལ་མཛུབ་མོ་འཛུགས་བཞིན་དུ་བཤད། རྒད་པོས་ང་ཚོའི་སྐད་ཆ་གསལ་པོར་མི་གོ་ནའང་། སྐབས་དེའི་ལམ་བཟོའི་སྐོར་གྱི་གནས་ཚུལ་གླེང་སྐབས་ཁོང་གི་མིག་གཉིས་གྲུང་ཤ་དོད་པོར་གྱུར། ཁོང་གིས“ཐང་སྨད་ཀྱི་རི་མཐོ་གཡང་གཟར་ལ་གཟབ་གཟབ་མ་བྱས་ཚེ་མི་དང་བཅས་པའི་འཕྲུལ་འཁོར་ཚང་མ་ཆུར་ལྷུང་ཉེན་ཡོད་པས། དེ་དུས་ལྷ་ས་ནས་ཉིང་ཁྲིའི་བར་འགྲུལ་སྐྱེལ་རླངས་འཁོར་ཆེན་པོར་བསྡད་ན་ཉིན་མཚན་གསུམ་ཙམ་འགོར་གྱི་ཡོད། ད་ཆ་ཤུགས་འགྲེམས་མེ་འཁོར་ལ་བསྡད་ཚེ་ཆུ་ཚོད་གསུམ་ལྷག་ཙམ་ལས་འགོར་གྱི་མེད་པས་ཧ་ཅང་སྟབས་བདེ་པོ་ཡོད”ཅེས་ཕྱིར་དྲན་བྱེད་བཞིན་དུ་བཤད། ཁོང་གིས“ང་ཆུང་དུས་ད་ལྟའི་འཕོ་འགྱུར་འདི་འདྲ་ཡོང་གི་རེད་བསམ་པ་མ་བྱུང་། ཚེ་མཇུག་ཏུ་མེ་འཁོར་ཁྱིམ་གྱི་སྒོ་རྩ་ནས་འགྲོ་བའང་མཐོང་བྱུང”ཞེས་གྲུང་ཤ་དོད་པའི་རྣམ་འགྱུར་སྟོན་བཞིན་དུ་བཤད།

    2024ལོའི་ཟླ་6ཚེས་30ཉིན། ཁྱོན་རིང་ཚད་ལ་སྤྱི་ལེ་245ཟིན་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། གྲོང་ཁྱེར་གཉིས་དབར་རླངས་འཁོར་བཏང་ཚེ་ཆུ་ཚོད་3ཙམ་ཐུང་དུ་ཕྱིན་ཡོད། དེར་བརྟེན་བོད་ཀྱི་རིམ་པ་མཐོ་བའི་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་1196ཟིན་ཞིང་། 2024ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་9.48ཟིན་ཏེ། ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་དེང་རབས་ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་གངས་ལྗོངས་ས་མཐོར་ཁྱོན་ཡོངས་ནས་ཁྱབ་སྟེ། སྔོན་ཆད་ཟླ་བ་ཁ་ཤས་འགོར་བ་ད་ཆ་ཞོགས་པར་ཐོན་ན་དགོང་མོར་སླེབས་ཐུབ་པ་དང་། སྔོན་མའི་ཐག་རིང་ལུང་ཁུག་གི་གྲོང་ཚོ་དག་ལའང་ད་ཆ་མཁྲེགས་འགྱུར་ལམ་བཏིང་ཡོད་པ་སོགས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།