ལོ་ངོ་60ཡི་འཕོ་འགྱུར་ཕྲུ་གུ་ཚོའི་སློབ་ཁང་ནས་མངོན།
འདི་ནི་2024ལོར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སློབ་ཆུང་གཉིས་པའི་སློབ་མ་ཚོས་རྩིས་འཁོར་གྱི་ཤེས་བྱ་སྦྱོང་བཞིན་པ།
འདི་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར། ནག་ཆུ་རྫོང(གསེར་རྙེད་ཆུས)ཆ་ཚང་སློང་ཆུང་གི་སློབ་མ་ཚོ་ལྕགས་ཐབ་ལ་བསྐོར་ནས་སློབ་ཚན་ཉན་བཞིན་པ། (ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དྲིལ་བསྒྲགས་པུས་མཁོ་འདོན་བྱས)
ཞོགས་པའི་ཉི་ཟེར་རབ་ཏུ་འཕྲོས་པའི་ནག་ཆུ་གྲོང་ཁྱེར་བུ་བཅོལ་ཁང་གསུམ་པའི་རིག་ནུས་སློབ་ཁང་གི་བརྙན་ཤེལ་སྟེང་བོད་སྐད་ཀྱི་འགུལ་རིས་གློག་བརྙན་སྟོན་བཞིན་ཡོད། ནག་ཆུ་གྲོང་ཁྱེར་བུ་བཅོལ་ཁང་གསུམ་པའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་གྱིས་བོད་བྱང་ཐང་དུ་ལོ་31ལྷག་ཙམ་སློབ་གསོའི་ལས་ལ་གཞོལ། དུས་རབས་གོང་མའི་ལོ་རབས་70པའི་སློབ་ཁང་གི་ཆ་རྐྱེན་ལ་ཕྱིར་དྲན་བྱེད་སྐབས། རྒན་བསྟན་འཛིན་ལགས་ཀྱིས“སྐབས་དེ་དུས་ཕྲུ་གུ་ཚོས་གྱང་ངོས་སུ་ཚིག་གསར་ལད་འབྲི་བྱེད་པ་དང་། སློབ་དེབ་ཀྱང་སྣུམ་པར་བརྒྱབ་པ་ཤ་སྟག་ཡིན། ད་ཆའི་སློབ་ཁང་ནི་རྒྱ་ཆེ་ལ་དཀར་ཆ་དོད་ཅིང་། ལུས་རྩལ་ཐང་དང་། ཚོད་ལྟ་ཁང་། དཔེ་མཛོད་ཁང་བཅས་ཚང་མ་ཡོད། ལོ་ངོ་60ཡི་འཕོ་འགྱུར་ཕྲུ་གུ་ཚོའི་སློབ་ཁང་ནས་མངོན་ཐུབ”ཅེས་ཚོར་སྣང་ཟབ་མོས་བཤད།
འདྲ་པར་རྙིང་པ་ཞིག་ལས་མཐོང་བ་ལྟར་ན། སློབ་ཁང་ནང་སློབ་མ་ཚོ་ལྕགས་ཐབ་ལ་བསྐོར་ནས་སློབ་ཚན་ཉན་བཞིན་ཡོད། ཐོག་མའི་སློབ་གྲྭ་ཐབས་ཆག་ནས་ད་ལྟའི་དེང་རབས་ཅན་གྱི་རིག་ནུས་སློབ་ཁྲིད་སྒྲིག་ཆས་བར་དང་། སྣུམ་ཤོག་གི་ལག་དེབ་ནས་ཕུན་སུམ་ཚོགས་པའི་གློག་རྡུལ་བསླབ་གཞི་བར། སློབ་གསོའི་ཡར་རྒྱས་རེ་རེ་ལས་དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་ཡར་རྒྱས་ལ་བདེན་དཔང་བྱེད་ཐུབ། འགྱུར་ལྡོག་ཕྱིན་པ་ནི་སློབ་ཁྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་ལེགས་སུ་འགྲོ་བ་དང་། འགྱུར་བ་མེད་པ་ནི་བྱིས་པ་ཚོས་ཤེས་བྱར་བཅངས་པའི་རེ་འདུན་ཡིན།
ལོ་ངོ་60ཡི་རིང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས(དེ་སྔའི་ནག་ཆུ་རྫོང)དེ་ཉིད་ས་རྡོའི་སློབ་ཁང་3ནས་ད་ཆའི་སློབ་གྲྭ་84བར་དང་། དངོས་སུ་སྒྲིག་ཁོངས་ནང་ཡོད་པའི་དགེ་རྒན་1723དང་སློབ་མ་22397བར་འཕེལ་རྒྱས་ཕྱིན་ཡོད། “འགན་ལེན་གསུམ་གྱི་སྲིད་ཇུས”ལག་བསྟར་བྱས་པ་ལས་སློབ་མར་ཉིན་ལྟར་སྒོ་ང་དང་སྔོ་ཚལ་སོས་པའི་བཅུད་ལྡན་དགུང་ཟས་ཟ་རྒྱུ་བྱུང་བ་དང་། བོད་སྐྱོར་སྟོབས་ཤུགས་ཀྱིས་ཧང་ཀྲོའུ་ཧའེ་ལེང་སློབ་འབྲིང་གི“དགེ་རྒན་གཉིས་ཀྱི་འཆད་ཁྲིད་ཁང”རྩྭ་ཐང་དུ་ཐད་ཀར་འཛུགས་ཐུབ་པ་བྱུང་ཡོད།
“ཉེ་བའི་ལོ་ཤས་རིང་། གསེར་རྙེད་ཆུས་ཀྱི་སློབ་གསོའི་བྱ་གཞག་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད” རྒན་བསྟན་འཛིན་ལགས་ཀྱི་སློབ་མ་ཡིན་པའི་ལོ་བརྒྱ་གསེར་རྙེད་ཆུས་ཀྱི་སློབ་ཆུང་བཞི་པར་དགེ་རྒན་བྱས་ནས་ལོ་16སོང་བ་དང་ད་ཆ་སློབ་གྲྭའི་སློབ་སྤྱི་གཞོན་པའི་འགན་འཁུར་བཞིན་ཡོད། ལོ་16རིང་ལོ་བརྒྱས་སློབ་གྲྭ་དེ་མེད་པ་ནས་ཡོད་པའི་བར་དང་། དེ་ནས་ཡང་ལེགས་སུ་ཕྱིན་པའི་བར་གྱི་འགྱུར་ལྡོག་ལ་དཔང་པོ་བྱས་ཡོད།
གསེར་རྙེད་ཆུས་སློབ་འབྲིང་གཉིས་པ་ནི་2017ལོར་ཧང་ཀྲོའུ་དང་ཅ་ཤིང་ས་གནས་གཉིས་ཀྱི་བོད་སྐྱོར་སྟོབས་ཤུགས་ཀྱིས་མ་དངུལ་གྲབས་གསོག་བྱས་ནས་བསྐྲུན་རོགས་བྱས་པ་ཞིག་ཡིན་པས། “གསེར་རྙེད་ཆུས་ཧང་ཅ་སློབ་འབྲིང”ཞེས་པའི་མིང་བཏགས་ཡོད། ད་ཆ་ཧང་ཅ་སློབ་འབྲིང་ནི་གསེར་རྙེད་ཆུས་ཀྱི་སློབ་གསོ་འཕེལ་རྒྱས་ཕྱིན་པའི་དཔང་པོ་ཞིག་ཡིན་ལ། གསེར་རྙེད་ཆུས་ཀྱི་མི་རིགས་མཐུན་སྒྲིལ་གྱི་མཚོན་རྟགས་ཤིག་ཀྱང་རེད།
ལྷ་སྐྱིད་ཀྱང་གསེར་རྙེད་ཆུས་ཀྱི་སློབ་གསོའི་ཁོངས་གཏོགས་སུ་ལས་ཀ་ལོ་10ལྷག་ཙམ་བྱས་པའི་རྒན་བསྟན་འཛིན་གྱི་སློབ་མ་རེད།
ཁོང་གིས“སློབ་གསོའི་སྟོབས་ཤུགས་ནི་རྫོགས་མཐའ་མེད་པ་ཞིག་རེད། དེས་ང་ཚོའི་མི་རབས་འདིར་འགྱུར་ལྡོག་བཏང་ཡོད་ལ་མི་རབས་རྗེས་མར་ཡང་མུ་མཐུད་འགྱུར་ལྡོག་གཏོང་ངེས་རེད། རླབས་ཆེན་གྱི་དུས་རབས་འདིར་ང་དང་ངའི་སློབ་མ་ཚོ་སྐྱེས་པར་གཟི་བརྗིད་ཆེན་པོ་ཡིན་བསམ་གྱི་འདུག”ཅེས་བཤད།
གྲངས་གཞི་ལས་མངོན་པ་ལྟར་ན། གསེར་རྙེད་ཆུས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་ཞུགས་བྱེད་ཚད་99.91%ཟིན་ནས་ནག་ཆུ་གྲོང་ཁྱེར་གྱི་རྒྱལ་ཁབ་ཀྱི་ཀུན་ཕན་ཁྱབ་གདལ་ཞིབ་བཤེར་རྩིས་ལེན་བརྒྱུད་པའི་རྫོང(ཆུས)དང་པོར་གྱུར་ཡོད། འདམ་བག་གྱང་གི་སློབ་ཁང་ནས་རིག་ལྡན་སློབ་གྲྭའི་བར་དང་། “སློབ་གྲྭར་འགྲོ་དཀའ་བ”ནས“སློབ་གྲྭ་ཡག་པོ་འགྲིམ་པའི”བར། གསེར་རྙེད་ཆུས་ཀྱི་ལོ་ངོ་60ཡི་སློབ་གསོའི་འཕེལ་རྒྱས་བརྒྱུད་རིམ་ནི་བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད།
འབྲེལ་ཡོད་གསར་འགྱུར།