དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>གསར་འགྱུར་ལྟེ་གནས།
  • གསེར་རྙེད་གཙང་པོ་ནས་དར་འཕྱར་ལྷ་མོའི་བར།

    བོད་བྱང་ཐང་གི་གྲོང་རྡལ་གཙོ་བོ་ནག་ཆུའི་ལོ་ངོ་60ལ་ཕྱི་མིག་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-15

    བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་ནག་ཆུ་གྲོང་རྡལ།(དཔྱད་གཞིའི་པར་རིས)

    དར་འཕྱར་ལྷ་མོའི་རྩེ་ནས་ནག་ཆུ་གྲོང་རྡལ་ལ་ལྟ་བ།

    གཙང་པོ་དང་། ལྗོན་ཤིང་། མཚོ་མཚེའུ། གྲུ་ཆུང་། སྤྱི་གླིང་། རྡོ་རིང་ཁྱམས་རིང་། སྒོ་བན། དགོན་སྡེ། མཆོད་རྟེན་དཀར་པོ། བསིལ་ཁང་། རྩྭ་ཐང་ལ་སོགས་གཟུགས་དབྱིབས་མི་འདྲ་བའི་གྲོང་ཁྱེར་གྱི་ཡུལ་ལྗོངས་དེ་དག་སྟར་ལ་སྦྲེལ་ཚེ། ཆ་སྙོམས་ས་བབ་སྨི་4500ཡོད་པའི་བོད་བྱང་ཐང་གི་གྲོང་རྡལ་གཙོ་བོ་ནག་ཆུ་མིག་གི་མཐོང་ཆོས་སུ་གྱུར།

    དབྱར་ཁའི་ཉི་འོད་རབ་ཏུ་འཚེར་ནའང་རྩྭ་ཐང་གི་བསིལ་རླུང་རེག་བྱ་དེ་བས་འཇམ། ནག་ཆུ་གྲོང་རྡལ་ཀྲེ་ཅང་ནུབ་ལམ་ནས་གསེར་རྙེད་གཙང་པོའི་ཆུ་གཞུང་བརྒྱུད་གྲོང་ནུབ་ཀྱི་དར་འཕྱར་ལྷ་མོའི་ཕྱོགས་སུ་དལ་གྱིས་སྐྱོད་སྐབས། ཧ་ལམ་སྤྱི་ལེ་གཉིས་ཙམ་ཡོད་པའི་ལམ་ཐག་ནི་ཏག་ཏག་གྲོང་ཁུལ་རྙིང་པའི་ས་ཁོངས་རེད། ནག་ཆུ་གྲོང་རྡལ་ཞེས་པ་ས་ཆ་དེ་རུ་བལྟམས་པ་དང་བྱང་ཐང་ས་མཐོའི་ལོ་ངོ་སྟོང་ཕྲག་གི་འཕེལ་རིམ་དང་དུས་རབས་ཀྱི་འཕོ་འགྱུར་ཡང་དེ་གར་གཅིག་ཏུ་འདུས།

    རིང་རྒྱུ་དེ་ཙམ་མེད་པའི་ཀྲེ་ཅང་ནུབ་ལམ་ནི་ལོ་ཟླའི་ལྟེ་ཐག་གཅིག་དང་འདྲ་བར་སྣེ་མོ་གཅིག་ནི་བོད་བྱང་ཐང་གི་གྲོང་རྡལ་གཙོ་བོ་ནག་ཆུར་ཡོད་པ་དང་། སྣེ་མོ་གཞན་དེ་ཇེ་མཐོར་འགྲོ་བཞིན་པའི་ས་མཐོའི་གྲོང་རྡལ་གསར་པ་དང་འབྲེལ་ཡོད་པས། དོན་དམ་པར“འགྲོ་ལམ་གཅིག་གི་སྟེང་དུ་རྩྭ་ཐང་གི་འཕེལ་རྒྱས་དང་འཕོ་འགྱུར་གྱི་ལོ་རྒྱུས་སྤུངས་ཡོད”ཅེས་བརྗོད་བཞིན་ཡོད།

    ཆུ་བོའི་གཞུང་ལ་ཆགས། ཚོང་གིས་འདུ་ལོང་འཕེལ།

    ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་གཞུང་ལས་ཁང་གིས་མཁོ་འདོན་བྱས་པའི་དཔྱད་གཞིའི་ཡིག་རིགས་ལས་མངོན་པར། ནག་ཆུ་ནི་ལོ་རྒྱུས་ཐོག་ཇ་རྟའི་གནའ་ལམ་གྱི་འགག་མཚམས་གྲོང་ཁྱེར་གལ་ཆེན་ཞིག་ཡིན་པ་དང་། དུས་རབས་རིམ་བྱུང་ནང་གལ་ཆེའི་དཔོན་རིགས་ཁག་ནག་ཆུ་བརྒྱུད་ནས་བོད་དང་མེས་རྒྱལ་ས་གནས་ཁག་དབར་འགྲོ་འོང་བྱེད་ཀྱི་ཡོད། དེ་གར་ཡུལ་དེ་གའི་འབྲོག་པ་ཕུད་ད་དུང་ཟི་ལིང་དང་། སྐྱེ་རྒུ་མདོ། ལྷ་ས། ལྷོ་ཁ། མངའ་རིས། ཆབ་མདོ་སོགས་ཀྱི་ཚོང་པའང་ཡོད།

    ནག་ཆུ་གྲོང་རྡལ་ནི་གཙང་ཆུའི་གཞུང་ལ་བརྟེན་ནས་ཆགས་པ་དང་ཚོང་ལས་ལ་བརྟེན་ནས་འཕེལ་རྒྱས་བྱུང་ཞིང་། སྔ་མོའི་ཇ་རྟའི་གནའ་ལམ་གྱི་གྲོང་རྡལ་གལ་ཆེན་དེ་མཚོ་བོད་གཞུང་ལམ་དང་། རྒྱལ་ལམ་317 མཚོ་བོད་ལྕགས་ལམ་བཅས་སྔ་རྗེས་སུ་ཤར་གཏོང་ཐུབ་པ་དང་ཆབས་ཅིག་ཉིན་རེ་བཞིན་དར་རྒྱས་འགྲོ་བཞིན་ཡོད། ད་ཆ་བརྗིད་ཉམས་དོད་པའི་མགྲོན་ཁང་དང་། མུ་འབྲེལ་བཟའ་བཏུང་ཁང་། སྒོ་རྩིས་ཚོང་ཁང་ཆེ་གྲས། ཞིང་ཚོང་ཁྲོམ་ར་སོགས་དེང་རབས་ཚོང་དོན་ལས་རིགས་ཀྱི་ཁྲོམ་གཞུང་གང་སར་ཁྱབ་སྟེ། སྔོན་མའི“གྲོང་ཚོ་ཆེ་གྲས”དང་འདྲ་བའི་ཡུལ་དེ་སྔ་ས་ནས་རྩྭ་ཐང་སྟེང་གསོན་ཤུགས་ཀྱིས་ཁེངས་པའི་གྲོང་ཁྱེར་གསར་པ་ཞིག་ཏུ་གྱུར་ཡོད།

    ཟངས་གཡག་ཐང་ཆེན་གྱི་བྱང་ངོས་སུ་ཡོད་པའི་ཟླ་སྒྲོན་ཚང་ཨར་ཁང་ནི་2012ལོར་ལ་ཕིང་ཚོང་ཁང་ཙམ་ཞིག་རེད། ལོ་10ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད་ད་ཆ་མུ་འབྲེལ་བཟའ་བཏུང་དང་། ཨར་ཁང་ཞག་སྡོད། མཛོད་ཉར་ཟོག་འགྲེམས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཁེ་ལས་ཤིག་ཏུ་འཕེལ་རྒྱས་བྱུང་ཞིང་། “ཟླ་སྒྲོན་ཚང”ནི་དེ་བས་ཀྱང་ནག་ཆུའི་ཚོང་ལས་འཕེལ་རྒྱས་ཀྱི་གྲགས་ཅན་སྤུས་རྟགས་དང་དཔེར་འོས་པའི་ཚབ་མཚོན་ཞིག་ཏུ་གྱུར་ཡོད།

    ཟངས་གཡག་ཐང་ཆེན་ལྷོ་ངོས་ཀྱི་བྱང་ཡུལ་ཁྲོམ་རའི་ནང་རྒྱུན་སྤྱོད་འཛད་སྤྱོད་ཐོན་རྫས་དང་། ཞིང་ཞོར་ཐོན་རྫས། ཡུལ་ཟོག་ཕྱུགས་ཟོག་ཐོན་རྫས། ཤ་ཚལ་སྒོང་གསུམ། ཤིང་འབྲས་སོགས་སྣ་ཚོགས་ཕྱིར་ཚོང་བྱེད་ཀྱི་ཡོད་ལ། ས་ཆའི་རྒྱ་ཁྱོན་སྨི་ངོས་གྲུ་4000ལྷག་ཙམ་ཟིན་པའི་ཁྲོམ་ར་ནི་ནག་ཆུ་གྲོང་ཁྱེར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཚོང་ཁྲོམ་ཆེ་ཤོས་རེད། དེ་གར་ཉིན་ལྟར་མི་ཚོགས་ཀྱི་རྒྱུན་མི་ཆད་ལ་འཚོ་བའི་དྲོད་ཁོལ་གྱིས་ཁེངས་པར་བྱས།

    ཆུ་ཁད་ཀྱི་གྲུ་ཆུང་དམར་པོ་དང་། ལྗོན་ཤིང་གིས་གཡབ་པའི་བསིལ་རླུང་།

    གསེར་རྙེད་གཙང་པོའི་གཞུང་ནས་ནུབ་ངོས་སུ་དལ་བར་སྐྱོད་ཚེ། གཙང་གཞུང་ཧྲིལ་པོར་སྔོ་ལྗང་ལྗོན་པས་བཀླུབས་ཤིང་ཆུ་ཤིང་འོམ་བུ་བཅུ་ཕྲག་གིས་སྤང་གཞོང་ལ་ཕྲ་རྒྱན་བཏབ་པ་ལྟར་དུ་སྣང་། མཆིལ་པ་ནས་གཟན་ཁྱུ་ཚོགས་བསྒྲིལ་ནས་དེ་གར་འཕུར་དུས་གསོན་ཉམས་ཀྱི་རྣམ་པ་ཞིག་ངང་གིས་འཆར། རྒྱང་ཁྱད་ཉེ་སར་གྲུ་ཆུང་གཉིས་ཆུ་ཁད་དུ་བཞག་པ་དེ་ནི་གངས་ལྗོངས་ས་མཐོ་འདིའི་ཐོག་གྲུ་དམར་གྱི་སྙིང་སྟོབས་དེ་རླུང་བརྟེན་རྒྱང་སྐྱོད་བྱེད་པའི་གཟི་བརྗིད་འོད་སྣང་འཚེར་སྟངས་ཤིག་མཚོན་པར་བྱེད།

    ཀྲེ་ཅང་ཅ་ཤིང་ནི་ཀྲུང་གོའི་གསར་བརྗེ་ཡི་གྲུ་ཆུང་དམར་པོ་ཐོག་མར་ཕྱོགས་ལ་ཐོན་ས་དང་། བོད་བྱང་ཐང་གི་ནག་ཆུ་གྲོང་རྡལ་ནི་དམག་སྡེ་བཅོ་བརྒྱད་པའི་ནུབ་བྱང་ཁེར་ཚུགས་ཡན་ལག་རུ་ཤོག་བོད་དུ་སྐྱོད་སྐབས་ཀྱི་བཅའ་སྡོད་བྱ་ཡུལ་རེད། ལོ་ངོ་30ལྷག་ཙམ་གྱི་གོང་དུ། ཀྲེ་ཅང་ཅ་ཤིང་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཏེ། གསར་བརྗེའི་གནས་མཆོག་འདི་གཉིས་ཁ་གཏད་བོད་སྐྱོར་གྱི་ཕྱོགས་སྟོན་འོག་འཛོམས་དུས་བྱུང་ཞིང་། དུས་དེ་ནས་བཟུང་བརྩེ་བའི་དམ་ཚིག་མཐུན་ཞིང་འཕེལ་རྒྱས་ཀྱི་ལག་གདང་དམ་པོར་སྦྲེལ།

    སྤྱི་གླིང་ཐང་ཆེན་གནས་སའི་ནག་ཆུ་ཁྲོམ་གཞུང་གི་གླིང་སྐོར་སྡེ་ཁུལ་ནི་གྲོང་ཁུལ་རྙིང་པའི་ལྟེ་བ་རེད། དེ་རུ་སྤྱི་གླིང་དང་། ཐང་ཆེན། སྤང་གཞོང་། རང་བདག་སྒོ་ར་ཅན་གྱི་ཁུལ་ཆུང་བཅས་བསྐྲུན་པ་དང་བསྟུན། སྔོན་ཆད་རྙིང་དྲི་འཐུལ་ཞིང་བཙོག་ཟིང་ཆེ་བའི་སྡོད་གནས་ཁོར་ཡུག་དེ་འདས་ཟིན་པའི་ལོ་རྒྱུས་ཙམ་ལ་གྱུར། མྱོང་བ་ཟབ་ཤོས་ཚོར་མཁན་ནི་ནག་ཆུ་ཁྲོམ་གཞུང་གླིང་སྐོར་སྡེ་ཁུལ་གྱི“ནག་ཆུ་བ་བགྲེས་སོང”ཁོང་རྣམས་ལོས་ཡིན།

    བགྲེས་སོང་དགེ་འཕེལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཁུལ་འདིར“སེར་རུལ”ཞེས་འབོད་ཅིང་དེའི་གོ་དོན་ནི“སྦྲ་གུར་རྙིང་རུལ”གྱིས་ཁེངས་པས་སོ། སྔོན་ཆད་འབྲོག་པ་དབུལ་པོ་རྣམས་ཀྱི་སྡོད་གནས་ནི་ཚོས་གཞི་ལོག་པའི་སྦྲ་གུར་རྙིང་པ་ཞེ་གཅིག་ཡིན་ལ་ཉི་འཁྱར་ལྷགས་འཁྱར་ཐེབས་པའི་སྦྲ་གུར་གྱི་ཚོས་མདོག་ནི་ཐལ་མདོག་ཏུ་གྱུར་བས་མིང་ཡང་དེ་ལྟར་ཐོགས། ཕྱིས་སུ་མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཕྱིན་པ་དང་ཚོན་མདོག་ཧར་པོའི་གྱོན་ཆས་ཀྱང་གོན་རྒྱུ་བྱུང་བས་འདི་ཁུལ་ལ་ཡང“དབུ་གུར་ཁྲ་མོའི་གཞུང”ཞེས་འབོད་པར་བྱེད། རང་སྐྱོང་ལྗོངས་དབུ་བརྙེས་རྗེས་མང་ཚོགས་རྣམས་སྤྱིར་ན་སྦྲ་གུར་ལས་གྱེས་ཏེ་ས་ཕག་ཁང་པར་སྡོད་རྒྱུ་བྱུང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སྲིད་གཞུང་གིས་སྡེ་ཁུལ་གོག་ཧྲུལ་ལ་སྒྱུར་བཀོད་བྱས་པས་ཚང་མ་བོད་ལུགས་སྒོ་ར་ཅན་གྱི་ཁང་པར་གནས་སྤོ་བྱས་ཏེ་ད་ཆ་འདི་གར་གླིང་སྐོར་སྡེ་ཁུལ་མཐུན་སྒྲིལ་ཁུལ་ཆུང་ཟེར།

    ནག་ཆུ་ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་མཚོ་མོས་ངོ་སྤྲོད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གསེར་རྙེད་ཆུས་ཀྱིས་དམངས་འཚོར་དོ་ཁུར་བྱེད་རྒྱུར་དམིགས་ཏེ“སྡོད་སའི་ཁང་པ་ཡོད་པ”ནས“སྡོད་མལ་འཚམ་མཐུན”གྱི་ཕྱོགས་སུ་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་ཉིན་རེ་བཞིན་འགྱུར་ལྡོག་ཕྱིན་པ་དང་མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་དེ་ས་ཕག་ཁང་པ་ནས་བོད་ལུགས་སྒོ་ར་ཅན་གྱི་ཁང་ཁྱིམ་བར་དང་། སྡེ་ཁུལ་གོག་ཧྲུལ་ནས་གནས་འཕྲོད་ཁུལ་ཆུང་བར། བདག་མེད་དུ་ལུས་པ་ནས་དེང་རབས་ཀྱི་སྡེ་ལས་ཡོད་པའི་བར་དུ་འགྱུར་བ་བྱུང་ཡོད།

    རྒྱབ་སྤོ་ནུབ་ནས་ཤར་ལ་ཕྱོགས། མཛེས་ལྗོངས་ལུང་པའི་ཐོངས་ལ་ཆགས།

    དར་འཕྱར་ལྷ་མོའི་ཡུལ་ལྗོངས་ཁུལ་དུ་སླེབས་དུས་གསེར་རྙེད་གཙང་པོ་དང་ཚ་ཆུ་གཙང་པོ་གཉིས་ལ་གཤམ་དེ་གར་འདྲེས་ཡོད་ལ་ཟམ་པ་ཞིག་བརྒལ་ན་མཐོ་གྲང་ཤིང་འཛུགས་རྟེན་གཞི་དང་རྨ་འབྲི་རྫ་གསུམ་གཙང་པོའི་འགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོའི་ལྟ་ཞིབ་ཚད་ལེན་ལྟེ་གནས་དེ་གར་ཆགས་ཡོད།

    གྱ་གྱུའི་ལམ་ཆུང་བརྒྱུད་དེ་གྱེན་ལ་སྐྱོད་སྐབས། ཡུལ་ལྗོངས་ཧྲིལ་པོའི་བཀོད་པ་རིམ་བཞིན་མིག་ལམ་ལ་གསལ་ཞིང་། རྐང་འོག་ལ་རི་མོ་ལྟར་འཁོད་པ་ནི་མཛེས་སྡུག་གིས་ཕྱུག་པའི་ནག་ཆུ་གྲོང་རྡལ་ཡིན་ནོ།

    ལ་རྩེར་སླེབས་དུས་ཐོག་ཁང་ཆེན་པོ་ཞིག་འགྱིང་ངེར་ཆགས། བོད་བྱང་ཐང་གི་ལས་རིགས་ཁག་གིས་དམག་སྡེ་བཅོ་བརྒྱད་པའི་ཁེར་ཚུགས་རུ་ཤོག་ནག་ཆུར་ཕེབས་པར་དགའ་བསུ་ཞུ་ཚུལ་དང་། བོད་བྱང་ཐང་གི་གནའ་ལམ་འགྲིམ་འགྲུལ་ལམ་ཐིག་རི་མོ། 《སྙན་ངག་གཞུང་གི་གསུང་རབ་དང་གེ་སར》སོགས་ཀྱི་འབུར་བརྐོས་རྣམས་ནི་བརྗིད་ཉམས་ལྷག་པར་ཆེ།

    ཐོག་ཁང་ཆེན་པོ་འདི་ནི་རྒྱབ་སྤོ་ནུབ་ནས་ཤར་ལ་ཕྱོགས་ཤིང་། ཏང་གི་འགོ་ཁྲིད་འོག་བོད་བྱང་ཕྱོགས་རྩྭ་ཐང་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་འགྲོ་བའི་འགྱུར་ལྡོག་ལ་བདེན་དཔང་བྱེད་བཞིན་ཡོད་པས། མི་རྣམས་ཀྱིས་འདྲ་དཔེའི་ངང“རྒྱལ་སར་ཕྱོགས་པའི་ཞལ་ཡས་ཁང”ཞེས་འབོད་པར་བྱེད། ད་ཆ“རྒྱལ་སར་ཕྱོགས་པའི་ཞལ་ཡས་ཁང”དེ་ནི་ནག་ཆུ་གྲོང་རྡལ་གྱི་མཐོ་ཤོས་ཀྱི་འཛུགས་སྐྲུན་དང་མཚམས་རྟགས་རང་བཞིན་གྱི་བཟོ་སྐྲུན་ཞིག་རེད།

    ལ་རྩེ་འདིར་སླེབས་རིམ་བཞིན་མཚོ་མོའི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་ཤིང་ཁོ་མོས་བརྗོད་དོན“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ངའི་ཕ་ཡུལ་ལ་ལོ་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་པས་སེམས་ནང་དྲིན་ཚོར་དང་སྤོབས་པ་ཆེན་པོ་འདུག”ཅེས་བཤད།

    མཚོ་མོའི་སྤོ་བོ་ལགས་ནི་ནག་ཆུའི་ཕུལ་དུ་བྱུང་བའི་རྒྱལ་གཅེས་མི་སྣ་སྟག་སྤྲུལ་འཇིགས་མེད་རྡོ་རྗེ་རེད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཁོང་གིས་འཁུར་ལྕི་ཕྲག་ཏུ་བཞེས་ཏེ་སྔ་རྗེས་སུ་ཆབ་མདོ་བཅིངས་འགྲོལ་ཨུ་ལྷན་སྟེང་ཆེན་དོན་གཅོད་ཁྲུའུ་ཡི་ཞིང་འབྲོག་ཁོའོ་ཀྲང་དང་འབྲི་རུ་རྫོང་བཅིངས་འགྲོལ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་གྱི་ཨུ་ཡོན། ནག་ཆུའི་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་བཅས་ཀྱི་འགན་འཁུར་ཏེ། སྐུ་ཚེ་ཧྲིལ་པོར་རྒྱལ་གཅེས་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་གཏོང་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱེད་པའི་བྱ་གཞག་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཕུལ་ཞིང་། འདས་སོང་གི་རླབས་ཆེའི་ལོ་ཟླ་དེ་དངོས་སུ་བརྒྱུད་མྱོང་མཁན་དང་འཛུགས་སྐྲུན་པ་ཞིག་ཀྱང་རེད།

    “སྤོ་བོ་ལགས་སྐུ་ཚེ་མ་འདས་སྔོན་དུ་ནག་ཆུའི་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པའི་ལས་གནས་བཞེས་ཡོད”ཅེས་མཚོ་མོའི་སྐད་ཆའི་ནང་གུས་བཀུར་དང་རྒྱུན་འཛིན་གྱི་འགྱུར་མེད་བློ་རྩ་མངོན་པར་བྱེད། “ད་ཆ་ང་རང་ནག་ཆུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་རུ་ལས་ཀ་བྱེད་ཀྱི་ཡོད། ང་ཚོའི་ཁྱིམ་ཚང་ནི་སྤོ་བོ་ལགས་ཀྱི་མི་རབས་ནས་བཟུང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཡོད་པས་དད་སེམས་འདི་ལ་གཏན་ནས་འགྱུར་བ་བྱུང་མྱོང་མེད། སྤོ་བོ་ལགས་ཀྱིས་འབད་འཐབ་བྱེད་མྱོང་བའི་ས་ཆར་ཕ་ཡུལ་གྱི་དར་རྒྱས་དང་ཡུལ་མི་ཚོའི་བདེ་སྐྱིད་འཚོ་བའི་ཆེད་དུ་མུ་མཐུད་སྟོབས་ཤུགས་སྐྱེས་སུ་ཕུལ་ཐུབ་པ་ནི་ང་ལ་གཟི་བརྗིད་ཡིན་པའི་ཚོར་སྣང་འདུག”ཅེས་བཤད། ངས་བཀའ་དྲིན་དང་སྤོབས་སེམས་འདི་བྱ་སྤྱོད་དངོས་ལ་བསྒྱུར་ནས་སྤོ་བོ་ལགས་དང་འདྲ་བར་རང་ཉིད་ཀྱི་ལང་འཚོ་དང་ཁྲག་དྲོན་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ས་མཐོའི་ཡུལ་ལུང་འདིར་འབུལ་རྒྱུ་ཡིན”ཞེས་བཤད།

    བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་བཞིན་བསྐྱོད་ན་ལམ་ནོར་མི་ཐེབས་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། ད་ལྟའི་ནག་ཆུ་ཡི་མི་དམངས་རྣམས་ནི་བདེ་སྡོད་ལས་བརྩོན་ཡིན་པས་བདེ་སྐྱིད་ཀྱི་འཛུམ་མདངས་ནི་ཡངས་པའི་རྩྭ་ཐང་སྟེང་གི་སྐལ་བཟང་མེ་ཏོག་བཞད་པ་དང་ཀུན་ནས་མཚུངས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།