དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>བོད་ཀྱི་འཕོ་འགྱུར།
  • བོད་ལྗོངས་ས་ཁུལ་འགག་སྒོ་ནས་ལྷ་ས་འགག་སྒོ་བར་གྱི་འགྱུར་ལྡོག

    “གསེར་གྱི་ལྡེ་མིག”དམ་པོར་བཟུང་ནས་རྒྱལ་ཁབ་སྒོ་མོ་བརྟན་པོ་བསྲུངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-08

    བོད་ཀྱི་འགག་སྒོ་ལས་ཁུངས་ཀྱི་ལོ་རྒྱུས་དེ་1894ལོའི་ཆིང་རྒྱལ་རབས་དུས་ཀྱི་གྲོ་མོ་འགག་སྒོའི་བར་ཁུངས་འདེད་ཆོག ཆིང་སྲིད་གཞུ་རུལ་སུངས་དང་ནུས་མེད་དབང་གིས་འགག་སྒོ་བཙུགས་ནས་ལོ་20ཡི་རིང་དཔྱ་ཁྲལ་བསྡུ་མྱོང་མེད་པས། ཉེ་རབས་འགག་སྒོའི་བདག་དབང་ཤོར་བའི་བརྙས་བཅོས་མྱོང་བའི་དཔང་པོ་ཞིག་ཏུ་གྱུར་ཡོད། 1962ལོར། བོད་ལྗོངས་ས་ཁུལ་འགག་སྒོ་བཙུགས་པ་དང་། མེས་རྒྱལ་ལྷོ་ནུབ་ཀྱི་རྒྱལ་སྒོ་ཆེན་པོའི“གསེར་གྱི་ལྡེ་མིག”མི་དམངས་ཀྱི་ལག་ཏུ་ཐོག་མར་བཟུང་།

    རབ་བྱུང་གཅིག་གི་མཆོང་སྐྱོད་ལས་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཁོར་ཡུག་ཁྲོད་མི་རབས་ནས་མི་རབས་བར་གྱི་བོད་ལྗོངས་འགག་སྒོ་བས“མི་དམངས་འགག་སྒོས་མི་དམངས་ལ་བྱ་བ་སྒྲུབ”ཅེས་པའི་དམ་བཅའ་ལག་ལེན་བསྟར་ནས། བོད་སྐྱོད་པ་རྒན་གྲས་ཚོའི་སྙིང་སྟོབས་ཀྱི་མཛད་རྗེས་རྡོ་རིང་བཙུགས་པ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ལ་བརྟེན་ནས“ལྷག་བསམ་དང་། ལེགས་སྐྱེས། དམངས་ཕྱུག མཐའ་སྟོབས”བཅས་ཀྱི་དུས་རབས་གསར་པའི་ལྷ་ས་འགག་སྒོའི་སྙིང་སྟོབས་ལ་ཞུན་བརྡར་སྤྲས་ཡོད།

    དཀའ་སྤྱད་ལས་གཏོད།

    དཔའ་བོ་31བོད་དུ་ཡོང་ནས་འགག་སྒོ་བཙུགས་པ།

    ལྷ་ས་འགག་སྒོའི་ལོ་རྒྱུས་དེ་ལོ་ངོ་66གོང་དཔའ་བོ་31བོད་དུ་ཡོང་བ་ནས་བརྗོད་དགོས།

    1959ལོའི་ཟླ་3པར། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱེད་འགོ་ཚུགས། ལོ་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ས་ཁུལ་དུ་འགག་སྒོ་འཛུགས་རྒྱུའི་གཏན་འཁེལ་བྱས། ཟླ་10པའི་ཟླ་དཀྱིལ་དུ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་རྒྱལ་ཡོངས་ཀྱི་འགག་སྒོ་14ནས་ན་གཞོན་ལས་བྱེད་པ་31འདེམས་གཏོང་བྱས་ཏེ་བོད་དུ་འགག་སྒོ་འཛུགས་པའི“སྔོན་སྐྱོད་རུ་ཁག”ཁག་དང་པོ་དེ་བཙུགས་ནས་འགག་སྒོ་འཛུགས་རྒྱུའི་གྲ་སྒྲིག་ལས་དོན་སྤེལ་བ་རེད།

    ལོ་ངོ་66གོང་དུ་དཔའ་བོ་31གིས“དཀའ་ངལ་དང་ཉེན་ཁ་ཇི་ཙམ་ཆེ་རུང་དེ་ཙམ་གྱིས་མདུན་ཕྱོགས་སུ་བསྐྱོད་པའི”དཔའ་བོའི་སྙིང་སྟོབས་དང“རྣམ་པ་རྙིང་པར་འགྱུར་ལྡོག་བཏང་ནས་གནམ་ས་གསར་པ་གཏོད་ཕོད་པའི”བློ་སྟོབས་ལ་བརྟེན་ནས་བོད་ལྗོངས་ཀྱི་ས་མཐོར་བསྐྱོད་དེ་བོད་ཀྱི་འགག་སྒོ་འཛུགས་སྐྲུན་གྱི་ལེའུ་གསར་བརྩམས།

    དཔའ་བོ་31པེ་ཅིང་ནས་ཐོན་ཏེ་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ཉིན་18རྗེས་གཞི་ནས་ལྷ་སར་འབྱོར། དུས་ཐུང་གི་ངལ་གསོ་བརྒྱབ་རྗེས། ཁོ་ཚོས་ཡན་ལག་ཚོགས་ཆུང་མང་པོར་བགོས་ནས་བོད་ཀྱི་མཐའ་མཚམས་སུ་ཡོད་པའི་འགག་སྒོ་འཛུགས་ས་ཁག་ཏུ་བསྐྱོད་དེ་འགག་སྒོ་འཛུགས་པའི་གྲ་སྒྲིག་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་ནས་བོད་ཀྱི་འགག་སྒོའི་བྱ་གཞག་ལ་ལང་ཚོ་སྐྱེས་སུ་ཕུལ་བ་རེད།

    1962ལོའི་ཟླ་5ཚེས་10ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བོད་ལྗོངས་ས་ཁུལ་འགག་སྒོ་བཙུགས་པ་དང་། དུས་མཚུངས་སུ་ད་དུང་གྲོ་མོ་དང་། སྐྱིད་གྲོང་། གཉའ་ནང་། སྒར་གྱི་དགུན་ས་སོགས་ལ་འགག་སྒོ་བཙུགས་པ་དང་དེ་རྗེས་སྤུ་ཧྲེང་ཡན་ལག་འགག་སྒོ་བཙུགས་པ་རེད།

    རྟ་བཞོན་ནས་སྐོར་གཡེང་བྱེད་པ་ནས་མཐའ་མཚམས་ལྟ་འདོམས་ས་ཚིགས་བཙུགས་པའི་བར་དང་། ལག་པས་ཐོ་འགོད་བྱེད་པ་ནས་ཕྱིར་གཏོང་ནང་འདྲེན་གྱི་ལྟ་འདོམས་ལམ་ལུགས་རགས་ཙམ་བཙུགས་པའི་བར། བོད་ཀྱི་འགག་སྒོ་བས་དངོས་ཟོག་དཀོན་པ་དང་འགྲིམ་འགྲུལ་དཀའ་ངལ་ཆེ་བའི་ལོ་རབས་སུ་ངར་ཤུགས་དང་འབད་བརྩོན་ཆེན་པོས་མེས་རྒྱལ་ལྷོ་ནུབ་མཐའ་མཚམས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་བཞིན་ཡོད།

    ཧ་ཅང་དཀའ་ཚེགས་ཆེ་བའི་ལས་ཀའི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་འོག་བོད་ཀྱི་འགག་སྒོ་བར་འགག་སྒོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་དཀའ་ངལ་མང་པོ་འཕྲད་ཡོད་མོད། འོན་ཀྱང་ཁོང་ཚོས་ལང་ཚོ་དང་། ཁྲག་དྲོན། ཐ་ན་ཚེ་སྲོག་ལ་བརྟེན་ནས་བཏོད་པའི་ལྷ་ས་འགག་སྒོའི་སྙིང་སྟོབས་ཀྱིས་ས་མཐོའི་འགག་སྒོ་བ་མི་རབས་ནས་མི་རབས་བར་ནམ་ཡང་ལྕག་སྐུལ་བྱེད་བཞིན་ཡོད།

    སྒྱུར་བཅོས་འབད་འབུངས།

    སྒོ་དབྱེར་སྐུལ་འདེད་གཏོང་བའི་ཁྲོད་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་བཏོད་པ།

    1974ལོའི་ཟླ་9པར། ལྷ་ས་འགག་སྒོ་བཙུགས་པ་དང་འབྲེལ་སྒོ་བྱང་བཀལ་ནས་ཕྱི་ཕྱོགས་སུ་གཞུང་དོན་སྒྲུབ་འགོ་ཚུགས་ཤིང་། གཞིས་རྩེ་ཡན་ལག་འགག་སྒོ་བཙུགས་པ་དང་སྐྱིད་གྲོང་འགག་སྒོ་བསྐྱར་དུ་བཙུགས་ནས་སྐྱིད་གྲོང་ཡན་ལག་འགག་སྒོར་མིང་སྒྱུར་བྱས།

    སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ལྷ་ས་འགག་སྒོར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། 1984ལོའི་ཟླ་6པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ལྷ་ས་འགག་སྒོ་དེ་ཐིང་རིམ་པ་རྒན་པའི་ལས་ཁུངས་སུ་རིམ་སྤོར་བྱས་ནས་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་འགག་སྒོ་ཁག་ལ་འགོ་ཁྲིད་དང་དོ་དམ་བྱེད་འགན་འཁུར་ཞིང་། དེའི་ཁོངས་གཏོགས་སུ་གཉའ་ནང་འགག་སྒོ་དང་། གཞིས་རྩེ་འགག་སྒོ སེང་གེ་ཁ་འབབ་འགག་སྒོ་བཅས་ཚུད་ཡོད། དུས་རབས་20པའི་ལོ་རབས་90པར། འགག་སྒོའི་ལས་སྒོ་དེ་ཁེར་རྐྱང་གི་ཟོག་འདྲེན་ལྟ་འདོམས་ནས་ཁྲལ་བསྡུ་དང་། ལྐོག་འདྲེན་འཛིན་བཟུང་། བསྡོམས་རྩིས་སོགས་ཁྱབ་ཁོངས་མང་པོ་ཞིག་ཏུ་རྒྱ་སྐྱེད་བཏང་ཡོད། 2000ལོའི་རྗེས་སུ་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་འགག་སྒོའི་དེང་རབས་ཅན་གྱི་ལྟ་འདོམས་མ་ལག་མགྱོགས་མྱུར་གྲུབ་ཡོད།

    1981ལོར་སྤུ་ཧྲེང་འགག་སྒོར་ལས་ཀར་སླེབས་པའི་པད་མ་ཚེ་རིང་གིས་དྲན་གསོ་བྱེད་བཞིན་དུ“1997ལོའི་ཟླ་5པར། ང་ཚོས་ཁུངས་སྣེ་གཞིར་བཟུང་ལྐོག་འདྲེན་དངོས་ཟོག་ཁག་གཅིག་ལྷ་ས་ནས་སྡིངས་དཀར་ལ་བརྒྱུད་རྒྱལ་མཚམས་སྒྲོལ་རྩིས་ཡོད་པ་ཤེས་བྱུང་། ཞིབ་དཔྱད་བྱས་རྗེས་ང་དང་ལས་རོགས་ཚོས་སྒྲིག་ཆས་ཁྱེར་ནས་ལ་དེའི་ཉེ་འགྲམ་དུ་ཕྱིན་པ་ཡིན། ཁོ་ཚོས་མ་ཚོར་བའི་ཆེད་དུ་ང་ཚོས་ས་མ་རུབ་བར་ས་ཆ་ཞིག་ལ་ཡིབ་ནས་བསྡད་པ་དང་མུན་པ་རུབ་པ་དང་བསྟུན་ནས་འཇབ་སྒུག་བརྒྱབ་པ་ཡིན། མངའ་རིས་ས་ཁུལ་དུ་མཚན་མོ་ཧ་ཅང་གྲང་མོ་ཡོད་པས་ང་ཚོས་རེས་མོས་ཀྱིས་བྲག་སྲུབས་སུ་འཛུལ་ནས་ལྟ་ཞིབ་བྱེད་པ་དང་ལྟོགས་དུས་རྡོ་ལྟར་མཁྲེགས་པའི་ལམ་རྒྱགས་ཟ་གི་ཡོད། ཆུ་ཚོད་48འབད་བརྩོན་བྱས་པ་བརྒྱུད། མཐར་ལྐོག་འདྲེན་ཚོགས་པ་འཛིན་བཟུང་བྱས་ཏེ་གཙོད་ཀྱི་ཁུ་ལུ་སྤྱི་རྒྱ་1360དང་དེ་བཞིན་རྩ་ཆེན་དངོས་པོ་གཞན་དག་རྩད་གཅོད་ཐུབ་བྱུང”ཞེས་བཤད།

    1993ལོའི་ཟླ་4པར། མཉེས་ཐང་སྒྲོལ་མ་ལྷ་ཁང་གི་གསེར་ཟངས་སྐུ་བྱམས་པ་ཨ་ཚ་མ་རྐུ་ཤོར་ཞིང་། སྐུ་འདྲ་དེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རིག་དངོས་ཀྱི་ཁོངས་སུ་གཏོགས་པ་དང་། ལོ་ངོ་1200ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་རྩ་ཆེའི་རིག་དངོས་ཤིག་རེད། དུས་ཡུན་རིང་པོ་འཚོལ་ཞིབ་བྱས་པ་བརྒྱུད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་མཐར་སྐུ་འདྲ་དེ་རིག་དངོས་བར་ཚོང་བས་ཁྲེང་ཏུའུ་དང་ཤང་ཀང་བརྒྱུད་ཨ་རིར་འཚོང་རྩིས་བྱེད་པ་ལས་འདེད་ལེན་ཐུབ་པ་རེད།

    1975ལོ་ནས་2012ལོའི་བར། ལྷ་ས་འགག་སྒོས་གསེར་ལྐོག་འདྲེན་དང་། མེ་མདའ་དང་རྫས་མདེལ་ལྐོག་འདྲེན། ཤེས་བྱའི་བདག་དབང་ལ་གནོད་འཚེ་གཏོང་བ་སོགས་གྱོད་གཞི་ཆེན་པོ་མང་པོ་རྩད་ཆོད་པ་རེད།

    “ལོ་ལྔ་ཚན་བཅུ་གཅིག་པའི”རིང་། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་193.3ཟིན་ནས“ལོ་ལྔ་ཚན་བཅུ་པའི”རིང་། ལས་ལྡབ་གཉིས་ལྷག་ཙམ་འཕར་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་2011ལོའི་སྒོར་དུང་ཕྱུར་87.77ནས་2014ལོའི་སྒོར་དུང་ཕྱུར་138.48བར་ཆེས་ཆེར་འཕར་ཡོད།

    འགན་འཁུར་ལས་སྒྲུབ།

    “རིག་ནུས”ལ་བརྟེན་ནས་རྒྱལ་སྒོ་སྲུང་བ་དང“རིག་ནུས”ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ཏང་ཀྲུང་དབྱང་གི“རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སྤྱི་ཁྱབ་ཅུས་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་ཞིབ་བཤེར་ནད་ཡམས་བརྟག་ཞིབ་དོ་དམ་གྱི་འགན་འཁྲི་དང་དཔུང་ཁག་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཁོངས་སུ་འཇུག་རྒྱུའི”སྒྱུར་བཅོས་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། 2018ལོའི་ཟླ་4ཚེས་20ཉིན་ནས་བཟུང་། ལྷ་ས་འགག་སྒོ་དང་དེ་སྔའི་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་ཞིབ་བཤེར་ནད་ཡམས་བརྟག་ཞིབ་ཅུས་ཀྱིས་ལྷ་ས་འགག་སྒོའི་མིང་ཐོག་ནས་ཕྱི་ཕྱོགས་སུ་ལས་དོན་གཅིག་གྱུར་སྤེལ་བ་རེད།

    2023ལོ་དང་2024ལོར། བོད་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་ལོ་གཉིས་བསྟུད་མར་སྒོར་དུང་ཕྱུར་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་། ད་ལོའི་ལོ་སྟོད་དུ་སྒོར་དུང་ཕྱུར་43.39ཟིན་ནས་14.1%འཕར་ཏེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་སླེབས་ནས་ས་མཐོའི་སྒོ་དབྱེའི་མྱུར་ཚད་མགྱོགས་སུ་ཕྱིན་ཡོད། ལྷ་ས་འགག་སྒོས་རྒྱལ་སྒོའི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ལྟ་འདོམས་ཀྱི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ལྐོག་འདྲེན་གྱོད་གཞི་ཚབས་ཆེན་མང་པོ་ཞིག་རྩད་ཆོད་ཡོད།

    ཉེ་བའི་ལོ་ཤས་རིང་། སྐྱིད་གྲོང་འགག་སྒོའི་མཐའ་མཚམས་ཡུལ་མིའི་ཉོ་ཚོང་ཉིན་རེ་ལས་མ་འདས་པར་འཁྲུག་ཏུ་འགྲོ་བཞིན་ཡོད། རྒྱལ་སྒོ་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འགན་འཁྲི་དང་ལས་འགན་སྔར་བས་ལེགས་པར་བསྒྲུབ་ཆེད། སྐྱིད་གྲོང་འགག་སྒོས་རིག་ལྡན་འགག་སྒོ་འཛུགས་སྐྲུན་གྱི་གྲུབ་འབྲས་མཐའ་མཚམས་ཡུལ་མིའི་ཉོ་ཚོང་འཕེལ་རྒྱས་ཁྲོད་བེད་སྤྱོད་གང་ལེགས་བྱས་ཏེ། “མཁའ་ལམeཀུན་སྒྲོལ”གྱི་རྣམ་གྲངས་སོགས་ཁྱབ་སྤེལ་བཏང་ནས་འགག་སྒོ་ལས་ཁུངས་ཀྱི་ལྟ་འདོམས་རིག་ནུས་ཅན་དང་། བརྒྱུད་རིམ་མཐོང་ཐུབ་པ། འགག་སྒྲོལ་ལས་ཆོད་ཆེ་བ་བཅས་མངོན་འགྱུར་བྱུང་ཡོད།

    “ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་རྒྱལ་སྒོ་སྲུང་མཁན་ཡག་པོ་ཞིག་བྱེད་དགོས” ལྷ་ས་འགག་སྒོའི་ཕྱོགས་བསྡུས་ལས་སྒོ་དང་ཤེས་བྱའི་བདག་དབང་ཁོའོ་ཡི་ཁོའོ་ཀྲང་ཝང་སུང་གིས། ཉེ་བའི་ལོ་ཤས་རིང་། ལྷ་ས་འགག་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རིག་ལྡན་འགག་སྒོ་དང་། རིག་ནུས་མཐའ་མཚམས། རིག་ནུས་མཉམ་སྤྱོད་མཉམ་འབྲེལ”བཅས་ཀྱི་འདུ་ཤེས་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ལྷ་ས་འགག་སྒོའི་གསར་གཏོད་ཆུང་གྲས་ཀྱི་རྣམ་གྲངས་གསར་པ་འཚོལ་ཞིབ་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་འགག་སྒོའི་ལྟ་འདོམས་གྲངས་འཛིན་ཅན་དུ་ཕྱོགས་སྒྱུར་དང་རིག་ནུས་ཅན་དུ་རིམ་སྤོར་བྱེད་པར་སྐུལ་འདེད་བརྟན་པོ་བཏང་སྟེ། བདེ་འཇགས་དང་། སྟབས་བདེ། ནུས་ཆེ་བཅས་ཀྱི་མཐའ་མཚམས་རིག་ནུས་བཅོས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་བཏོད་ཡོད་ཅེས་བརྗོད།

    མིག་སྔའི་བར། “རིག་ལྡན་ཡུལ་སྐོར་ཞིབ་བཤེར”དང“རིག་ལྡན་ཐོངས་མཆན་ཞིབ་བཤེར” “དྲ་ཐོག་ནས་ཆོག་མཆན་སྤྲོད་པ”སོགས་རྒྱལ་ཡོངས་འགག་སྒོའི་རིག་ལྡན་འགག་སྒོ་འཛུགས་སྐྲུན་གྱི་རྣམ་གྲངས་འགག་སྒོའི་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་ཚོད་ལྟ་བྱེད་པའམ་ཁྱབ་གདལ་བཏང་བ་དང་། “མཁའ་ལམeཀུན་སྒྲོལ”སོགས་ལྷ་ས་འགག་སྒོའི་གསར་གཏོད་ཆུང་གྲས་ཀྱི་རྣམ་གྲངས་22བོད་ཀྱི་འགག་སྒོར་ལག་བསྟར་བྱས་ནས་བོད་ཀྱི་ཆུ་ཚད་མཐོ་བའི་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ནུས་ལྡན་བྱས་ཡོད།

    ལོ་ངོ་དྲུག་ཅུ་ཡི་དཀའ་སྤྱད་འབད་འཐབ་དང་རབ་བྱུང་གཅིག་གི་ཟོལ་མེད་སྲུང་སྐྱོང་འོག རྟ་ཐོག་ནས་སྟབས་བདེའི་གཞུང་དོན་སྒྲུབ་པ་ནས་རིག་ལྡན་འགག་སྒོ་འཛུགས་སྐྱོང་བྱེད་པའི་བར་དང་། མཐའ་མཚམས་དོ་དམ་ཚོད་འཛིན་གྱི་རྒྱལ་སྒོ་སྲུང་མཁན་ནས་སྒོ་དབྱེ་འཕེལ་རྒྱས་ཀྱི་འདེགས་སྐྱོར་བའི་བར་ལྷ་ས་འགག་སྒོས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་དང་བསམ་སྤྱོད་གཅིག་མཐུན་བྱས་ཏེ། གངས་ལྗོངས་ས་མཐོར་དུས་རབས་ལ་ངོ་གནོང་མི་དགོས་པའི་བརྗིད་ཉམས་ལྡན་པའི་ལེའུ་རྩོམ་བཞིན་ཡོད།

    འགག་སྒོ་བ་བགྲེས་སོང་གསུམ།

    “ང་ཚོའི་མི་རབས་དེའི་ནང་ཤི་གསོན་ལ་སྐྲག་མཁན་གཅིག་ཀྱང་མེད”

    བོད་ཀྱི་འགག་སྒོ་བ་མི་རབས་མང་པོ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ཏེ། ཏང་དང་མི་དམངས་ལ་བཅངས་པའི་ལྷག་བསམ་རྣམ་དག་ལ་བརྟེན་ནས་རྒྱལ་རྒྱལ་སྒོའི་འཐབ་ས་དང་པོ་བརྟན་པོར་བསྲུངས་ཡོད། དཀའ་ཚེགས་ཧ་ཅང་ཆེ་བའི་ཁོར་ཡུག་ཁྲོད་ཁོང་ཚོས་ཁྲག་དྲོན་དང་ཐ་ན་ཚེ་སྲོག་ལ་བརྟེན་ནས་འགག་སྒོ་བའི་འགན་འཁྲི་འཁུར་སེམས་མངོན་ཏེ། རྗེས་རབས་པ་ཚོ་གངས་ལྗོངས་ས་མཐོར་གཅིག་རྗེས་གཉིས་མཐུད་ངང་སྐྱོད་པར་སྐུལ་ལྕག་བྱེད་བཞིན་ཡོད།

    ཀྲང་ཙུའུ་ལིན་གྱིས་འདས་དོན་གླེང་སྐབས་ངག་འཇམ་ཞིང་སྒམ་ནན་ངང“ང་ཚོའི་མི་རབས་དེའི་ནང་ཤི་གསོན་ལ་སྐྲག་མཁན་གཅིག་ཀྱང་མེད། 1963ལོའི་ཟླ་12པར་ང་རང་ལས་ཀར་ཞུགས་ཙམ་ལ་བློ་མཐུན་ཝུའུ་ཁེ་ཨེན་གྱིས་ང་རང་མང་ཚོགས་ཀྱི་ས་ནས་བསྡུས་པའི་གཡག་གི་རྩིད་པ་དང་ཁུ་ལུ་སྤྱི་ལེ་30སར་རྟ་བཞོན་ནས་སྐྱེལ་བར་བཏང་བྱུང་། ཐུར་ལམ་ཞིག་བརྒྱུད་སྐབས་གློ་བུར་དུ་རྟ་འདྲོགས་ནས་འཕག་མཆོང་བརྒྱབ་སྟེ་ང་རང་རྟ་ཐོག་ནས་ལྷུང་ཡང་རྐང་པ་ཡོབ་ཆེན་ལ་འཁོན་པས་སྨི་བརྒྱ་ཕྲག་ཁ་ཤས་སར་དྲུད་བྱུང་། མཐར་མང་ཚོགས་ཤིག་གིས་རྟ་དེའི་ཁ་གཅུས་ནས་ང་སྲོག་ཉེན་ལས་ཐར་ཙམ་བྱུང་། དེ་ནས་བཟུང་ངས་རྟ་ཡང་བཞོན་ཤེས་བྱུང་། 1964ལོར་ང་རང་རླངས་འཁོར་ལ་བསྡད་ནས་ལྷ་རྩེ་རྫོང་བརྒྱུད་སྐབས་རླངས་འཁོར་གཞོགས་ལོག་ནས་ལམ་གྲོཌ་ཤིག་རྐྱེན་ལམ་དུ་ཤོར་སོང”ཞེས་བཤད།

    པད་མ་ཚེ་རིང་གི་དྲན་འཆར་ཁྲོད་ཀྱི་འདས་དོན་དག་ཀྱང་མི་སེམས་འགུལ་བ་ཞིག་ཡོད་པ་སྟེ། ཁོང་གིས“ཐེངས་ཤིག་ང་དང་ལས་གྲོགས་ཚོ་ཧོར་ཤང་ནས་རྟ་བཞོན་ཏེ་ལྷ་རྩེའི་ལ་ཁར་སྐོར་གཡེང་བྱེད་པར་ཕྱིན་པ་ཡིན། རྟ་བཞོན་ནས་ཆུ་བོ་སྒྲོལ་སྐབས་ཆུའི་དཀྱིལ་གྱི་འཁྱགས་པ་མཐུག་པོ་མེད་པས་འཁྱགས་པ་ཆག་ནས་ངའི་རྟ་ཐད་ཀར་འཁྱགས་དོང་ནང་ལྷུང་སོང་། ང་ཚོས་རུས་ཟུག་རྒྱག་པའི་འཁྱགས་པའི་ཁྲོད་དཀའ་ལས་མང་པོ་བརྒྱབ་མཐར་ཆུ་བོའི་འགྲམ་དུ་སླེབས། ང་ཚོ་འཁྱགས་ནས་འདར་སིག་སིག་བྱེད་པ་དང་ཐ་ན་ཡར་ལངས་ནའང་རྐང་པ་ཚུགས་ཐུབ་ཀྱི་མི་འདུག འོན་ཀྱང་ང་ཚོས་ཕྱིར་བཤོལ་མ་བྱས་པར་མུ་མཐུད་སྐོར་གཡེང་བྱས་པ་ཡིན། འགག་སྒོ་ལས་ཁུངས་ཀྱིས་ལྐོག་འདྲེན་པ་འཛིན་བཟུང་བྱེད་སྐབས་རྟག་ཏུ་ས་བབ་མཐོ་བའི་རི་ཁར་འཇབ་སྒུག་རྒྱག་དགོས་པས་འཁྱགས་པ་དང་གངས་རླུང་ཁྲོད་དུ་འགྲོ་རྒྱུ་ནི་རྒྱུན་གཏན་ཞིག་ཏུ་གྱུར་ཡོད། རྒན་རབས་པ་ཚོ་དང་ལས་གྲོགས་ཚོས་དུས་ཡུན་རིང་པོའི་ནང་ལུས་པོས་ཐེག་དཀའ་བའི་དཀའ་ལས་མང་པོ་རྒྱག་དགོས་ཀྱི་ཡོད་པས། མི་མང་པོ་ཞིག་ལོ་ན་60མ་ཟིན་པར་ཚེ་ལས་འདས”ཞེས་བཤད།

    1973ལོར་ལྷ་ས་འགག་སྒོ་ལས་ཁུངས་སུ་ལས་བགོས་བརྒྱབ་པའི་ཕུན་ཚོགས་ཀྱིས་1980ལོའི་གྲང་ངར་ཆེ་བའི་དགུན་དུས་དེར་ཕྱིར་དྲན་བྱེད་བཞིན་དུ“1980ལོའི་ཟླ་བ་དང་པོའི་ཚེས་29ཉིན་གྱི་ཕྱི་དྲོར། ལས་གྲོགས་ཀྲེན་དབྱི་པོ་ཚོགས་འདུ་གྲོལ་ཏེ་ལྷ་ས་ནས་གཞིས་རྩེར་ལོག་པའི་ལམ་བར་དུ་རླངས་འཁོར་སྟབས་མ་ལེགས་པར་གྲོག་རོང་ནང་ལྷུང་བ་དང་། ཀྲེན་དབྱི་པོའི་མགོ་ནས་ཁྲག་བར་མེད་དུ་འཛར། སྐབས་དེར་གཞིས་རྩེ་ས་ཨུད་ཀྱིས་རིགས་གཅིག་མཁས་ཅན་ཡག་ཤོས་སྒྲིག་འཛུགས་བྱས་ནས་མྱུར་སྐྱོབ་བྱས་མོད། འོན་ཀྱང་རྨས་སྐྱོན་ཚབས་ཆེ་བའི་རྐྱེན་གྱིས་ཉིན་གཉིས་པའི་ཞོགས་པར་ཀྲེན་དབྱི་པོ་ང་ཚོ་དང་གཏན་དུ་གྱེས་སོང”ཞེས་བཤད།

    སེང་གེ་ཁ་འབབ་ཀྱི་འགག་སྒོ་བ།

    བར་སྣང་དང་ཐག་ཉེ་ཤོས་ཀྱི་གནས་སུ་རྒྱལ་སྒོ་བསྲུངས།

    ཆ་སྙོམས་ས་བབ་སྨི་4500ཟིན་པའི་མངའ་རིས་སེང་གེ་ཁ་འབབ་ཀྱི་འགག་སྒོ་བ་ཚོས་ལྷག་བསམ་རྣམ་དག་དང་བློ་བརྟན་འགྱུར་མེད་ལ་བརྟེན་ནས་མཐའ་མཚམས་འགག་སྒོའི་ངོ་མཚར་གཏམ་རྒྱུད་བརྩམས་པ་མ་ཟད། དེ་བས་ཀྱང་དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ནུབ་སྒོ་ཆེན་མོ་ཤར་གཏོང་ཐུབ་པར་སྲུང་སྐྱོང་བྱེད་བཞིན་ཡོད།

    ལོ་53ལ་སླེབས་པའི་ཚེ་རིང་ལྷག་སྒྲོན་གྱིས་ནོར་དོན་ལས་གནས་ཐོག་ལོ་20ལྷག་ཙམ་འབད་འབུངས་བྱས་ཤིང་། ཁོང་གི་ལས་ཀ་ནི་ཕར་བལྟས་ན་ལས་སླ་པོ་ཞིག་ཡོད་ཀྱང་དོན་དངོས་ཐོག་དེ་ནི་མིའི་གཟུགས་པོའི་ཁྲག་རྩ་ཕྲ་མོ་བཞིན་འགག་སྒོ་འཁོར་རྒྱུག་དང་འབྲེལ་བ་དམ་ཟབ་ཡོད།

    ཁོང་གིས་མིག་ཤེལ་ཆེན་པོ་ཞིག་བཏགས་ནས་དྲ་ཐོག་ཏུ་གསར་དུ་བཏོན་པའི་ནོར་དོན་མ་ལག་ལག་དེབ་ཀྱི་ཡིག་འབྲུ་རེ་རེ་བཞིན་ལ་ཞིབ་ཚགས་པོས་ལྟ་བཞིན་ཡོད་པ་དང་། མཛུབ་མོས་མཐེབ་གཞོང་མནན་པ་ནི་གྲངས་གཞི་ཙམ་མ་ཡིན་པར་དེ་ནི་ལས་ཀར་བཅངས་པའི་གུས་སྐྲག་དེ་བས་ཀྱང་རེད། ཁོ་མོའི་ནང་མིས་རྒན་ཡོལ་ཞུ་གྲབས་ཡོད་པས་ལས་ཀར་བརྩོན་པ་དེ་འདྲ་བྱེད་མི་དགོས་པའི་ཁ་ཏ་བྱས་ཀྱང་ཁོ་མོས་སྔ་ཕྱི་བར་གསུམ་དུ་རང་ཉིད་ཀྱི་ལས་ཀར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་གི་མེད། ཨུ་ཚུགས་མཐའ་སྐྱེལ་དེ་ལས་འགག་སྒོ་ལས་ཁུངས་ཀྱི་མ་དངུལ་འཁོར་རྒྱུག་ཚང་མ་གནད་ལ་འཁེལ་ཞིང་ལས་ཆོད་ཆེ་བས། ལྟ་འདོམས་ཞིབ་བཤེར་དང་དམངས་ཕན་ཞབས་ཞུ་སོགས་ལྟེ་བའི་ལས་སྒོར་རྒྱབ་ཕྱོགས་ཀྱི་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། གངས་ལྗོངས་མཐའ་མཚམས་འགག་སྒོའི་སྲིད་དོན་ཞབས་ཞུ་ཐོག་མཐའ་བར་གསུམ་དུ་དྲ་ཐོག་ཏུ་འཁོར་རྒྱུག་ཐུབ་པར་བྱས་ཡོད།

    2024ལོར་འགྲམ་འགག་སྒོ་ནས་སེང་གེ་ཁ་འབབ་འགག་སྒོར་ལས་སྒྱུར་བྱས་པའི་ཀྲོའུ་ལེང་དབྱང་གིས་གསར་འགོད་པར“འདི་གའི་བྱེ་རླུང་ལས་པགས་པ་རྩུབ་ཏུ་ཕྱིན་ཡང་ཐོག་མའི་བསམ་འདུན་ལ་ནམ་ཡང་འགྱུར་བ་མེད། ངས་ལོ་བཅུ་ལྷག་ཙམ་རིང་གི་ལས་ཀའི་ཉམས་མྱོང་ལ་བརྟེན་ནས་ལས་སྒོའི་སློབ་སྦྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཞིབ་བཤེར་ལས་འགན་ཐོག་མ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་སྐབས་འཛིན་ཤོག་རེ་རེ་བཞིན་ལ་ཞིབ་བསྡུར་བྱས་ནས་ལྟ་འདོམས་ཀྱི་སྐྱོན་ཆ་འགོག་གང་ཐུབ་བྱས་ཡོད། སྲིད་འཛིན་ཆད་གཅོད་ཀྱི་གྱོད་གཞི་དང་པོ་ཐག་གཅོད་སྐབས་ཁྲིམས་སྲོལ་གྱི་དོན་ཚན་ཡང་ནས་བསྐྱར་དུ་ཞིབ་ཀློག་བྱས་ནས་ལྷུ་ཚིགས་རེ་རེ་བཞིན་ལ་ཞིབ་བཤེར་ཐེག་ཐུབ་པ་བྱས་ཡོད”ཅེས་བཤད།

    2025ལོའི་ཟླ་5པར། ཀྲོའུ་ལེང་དབྱང་ལ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་སྦྱོང་བརྡར་འཛིན་གྲྭ་ནས་ཕུལ་བྱུང་སློབ་མའི་གཟི་བརྗིད་མཚན་སྙན་ཐོབ་པའི་གཏམ་བཟང་སེང་གེ་ཁ་འབབ་ཏུ་གྲགས་ཤིང་། ཚང་མས“དེ་ནི་ས་མཐོའི་དངོས་སྒྲུབ་ལ་མཐོང་ཆེན་བྱས་པ་ཞིག་རེད་ལ། འདི་གའི་འགག་སྒོའི་སྟོབས་ཤུགས་ལ་ཁས་ལེན་བྱས་པ་ཞིག་དེ་བས་ཀྱང་རེད”ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ས་མཐོའི་འགག་སྒོ་བ་འདི་དག་གིས་ཉིན་མཚན་དབྱེར་མེད་དུ་བརྟན་སྲུང་བྱས་པ་ལས“རྒྱལ་སྒོའི་སྲུང་དམག”གི་འགན་འཁྲིར་དེ་བས་གསོན་ཉམས་དོད་པའི་གསལ་བཤད་བྱས་ཡོད།

    པར①ནི་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་རྒྱལ་སྒོ་ཡིན་པ།

    པར②ནི་2020ལོའི་ཟླ་10ཚེས་26ཉིན་ལྷ་ས་འགག་སྒོའི་ཁོངས་གཏོགས་ཀྱི་བར་སྐོར་འགག་སྒོའི་ལས་མིས་བོད་ལྗོངས་ས་མཐོའི་རང་བྱུང་ཆུ་ཚད་ཡོད་ཀུང་སིའི་གཏེར་ཆུ་ཐོན་སྐྱེད་རྟེན་གཞིར་ཞིབ་བཤེར་ལྟ་འདོམས་བྱེད་བཞིན་པ།

    པར③ནི་འགག་སྒོའི་ལས་མིས“རིག་ནུས་འགག་སྒོའི”འབྲེལ་ཡོད་མ་ལག་བརྒྱུད་རྒྱལ་ཁོངས་ནས་འཛུལ་སྒྲོལ་བྱེད་མཁན་གྱི་ཐོབ་ཐང་ཆ་འཕྲིན་ལ་ཞིབ་བཤེར་བྱེད་བཞིན་པ།

    པར④ནི་ལྷ་ས་འགག་སྒོའི་ཁོངས་གཏོགས་ཀྱི་གཉའ་ནང་འགག་སྒོའི་ལས་མིས་ཕྱིར་གཏོང་དངོས་ཟོག་ལ་ཞིབ་བཤེར་བྱེད་བཞིན་པ།

    པར⑤ནི་2019ལོའི་ཟླ་3ཚེས་30ཉིན་ལྷ་ས་འགག་སྒོའི་ཁོངས་གཏོགས་ཀྱི་ལྷ་ས་གོང་དཀར་གནམ་ཐང་འགག་སྒོར་སྒོ་བྱང་འགེལ་བའི་མཛད་སྒོ་འཚོག་བཞིན་པ།

    པར⑥ནི་2025ལོར་གཞིས་རྩེ་གྲོང་ཁྱེར་ནས་ཨེ་ཤེ་ཡ་ལྷོ་མར་གཏོང་རྒྱུའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོག་མ་ཐོན་བཞིན་པ།

    པར⑦ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་གཉའ་ནང་འགག་སྒོའི་ལྟ་འདོམས་བྱ་ཡུལ་ཡིན་པ།

    པར⑧ནི་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པའི་སྐྱིད་གྲོང་འགག་སྒོའི་ལས་མི་ཚོའི་མཉམ་པར་ཡིན་པ།

    པར⑨ནི་1959ལོར་བོད་དུ་འགག་སྒོ་འཛུགས་པར་སྐྱོད་མཁན་ལས་བྱེད་པ་ཁག་དང་པོའི་མཉམ་པར་ཡིན་པ།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།