འདམ་གཞུང་གནམ་ཐང་ནས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་བར་གྱི་འགྱུར་ལྡོག
འཛམ་གླིང་ཡང་རྩེར་ཕྱོགས་བཞི་མཚམས་བརྒྱད་དང་སྦྲེལ་བའི་མཁའ་ལམ་དྲ་བ་བསྐྲུན་པ།
འདི་ནི་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་T3གནམ་ཐང་འབབ་ཚུགས་ཡིན་པ།
1956ལོའི་ཟླ་5ཚེས་26ཉིན། འདམ་གཞུང་རྩྭ་ཐང་གི་མཁའ་དབྱིངས་སུ་གནམ་གྲུ་འཕུར་ཡོང་བའི་སྒྲ་འུར་འུར་དུ་གྲགས།
མི་རིགས་ཁག་གི་མང་ཚོགས་ཚོས་དགའ་འབོད་དང་བཅས་མའོ་ཀྲུའུ་ཞི་སྐུ་ངོ་མས་མིང་བཏགས་གནང་བའི་གནམ་གྲུ་གངས་ལྗོངས་ས་མཐོར་འབྱོར་བར་དགའ་བསུ་ཞུས།
དེ་ནས་བཟུང་བོད་འདི་ཉིད་འཛམ་གླིང་ཕྱོགས་སུ་སྐྱོད་པའི་མཁའ་ལམ་གྱི་སྒོ་མོ་ཕྱེ་བ་མ་ཟད། དམངས་སྤྱོད་མཁའ་འགྲུལ་རིམ་གྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཁའ་དབྱིངས་ཀྱི་སྒུལ་ཤུགས་སུ་འགྱུར།
གནམ་གྲུ་འཕུར་མྱོང་མེད་པ་ནས་ཐོག་མ་འབྱོར་བའི་བར།
འཁྱགས་སའི་ཁུལ་དུ་གནམ་ཐང་བསྐྲུན།
1965ལོའི་ཟླ་3ཚེས་2ཉིན། ལོ་16ལ་སླེབས་པའི་གནམ་ཐང་གི་ལས་མི་དབུ་རྒྱན་གྱིས་གནམ་གྲུ་འབབ་པ་ཐེངས་དང་པོ་མཐོང།
“ང་ཚོ་ཚང་མ་གནམ་གྲུ་འབབ་སའི་ཕྱོགས་སུ་རྒྱུགས་ནས་གནམ་གྲུ་བབས་པར་ལྟ་བཞིན་ལག་པ་གཡུག་གཡུག་བྱས་ཏེ་ས་མཆོང་གནམ་མཆོང་གིས་དགའ་འབོད་བྱེད་པ་དེ་དངོས་ནས་བརྗེད་དཀའ་བ་ཞིག་ཡིན” ད་ལོ་ལོ་76ལ་སླེབས་པའི་དམངས་སྤྱོད་མཁའ་འགྲུལ་གྱི་ལས་མི་བགྲེས་སོང་དབུ་རྒྱན་གྱི་སྣང་ངོར་སྐབས་དེ་དུས་འདམ་གཞུང་གནམ་ཐང་ཤར་གཏོང་ཐུབ་པའི་དགའ་སྤྲོའི་རྣམ་པ་ད་བར་གསལ་པོར་ངེས་ནས་ཡོད།
1956ལོར་ལྷ་སའི་མཁའ་ལམ་གྱི་ཚོད་ལྟའི་འཕུར་སྐྱོད་ལ་གྲུབ་འབྲས་ཐོབ་པ་དང་། 1965ལོར་བོད་དུ་དངོས་སུ་མཁའ་ལམ་ཤར་གཏོང་ཐུབ་སྟེ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འགོ་ཚུགས་ནས་ལོ་བཅུ་ཏག་ཏག་སོང་ཡོད།
ས་མཐོའི་དམིགས་བསལ་ས་ཁམས་དང་གནམ་གཤིས་ཞན་པའི་ཤུགས་རྐྱེན་ལས་བོད་དུ་མཁའ་ལམ་བསྐྲུན་རྒྱུ་དེ་དཀའ་ཁག་ཆེ་བའི་བྱ་བར་བརྩི།
བོད་འཕེལ་རྒྱས་གཏོང་དགོས་ན་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་དང་ཁ་འབྲལ་ཐབས་མེད།
1955ལོའི་ཟླ་བཅུ་གཉིས་པར། ཏང་ཀྲུང་དབྱང་གིས་པེ་ཅིང་ནས་ལྷ་སའི་བར་གྱི་མཁའ་ལམ་ལམ་ཐིག་བསྐྲུན་དགོས་པའི་མཛུབ་སྟོན་གལ་ཆེན་བཏོན་གནང་ཞིང་། ལོ་དེར་མཁའ་དམག་གིས་ཀྲུང་དབྱང་གི་བཀའ་རྒྱར་བརྡ་ལན་ཞུས་ཏེ་ལས་གྲྭའི་ལག་རྩལ་མི་སྣ་བཏང་ནས་ལན་ཀྲོའུ་དམག་ཁུལ་ཁང་མཁའ་དམག་ཡན་ལག་པུའུ་ལྔ་པའི་ལག་རྩལ་བྱང་ཆུབ་པའི་མི་40ལྷག་ཙམ་དང་མཉམ་དུ་རྩད་ཞིབ་རུ་ཁག་བཙུགས་ཏེ། ལན་ཀྲོའུ་ནས་རྡོག་ཐོན་གྱིས་རླངས་འཁོར་ལ་བསྡད་དེ་མཚོ་བོད་གཞུང་ལམ་བརྒྱུད་གནམ་ཐང་གི་ས་ཆ་འདེམས་པའི་ལམ་དུ་བཞུད།
1956ལོའི་ཟླ་དང་པོར་ལྷ་སར་འབྱོར་རྗེས། རྩད་ཞིབ་རུ་ཁག་གིས་ཁུལ་དེ་ཡོངས་སུ་ལེབ་བཤེར་བྱེད་འགོ་བརྩམས་ཤིང་། མཐར་འདམ་གཞུང་རྫོང་གྲོང་གི་ལྷོ་ནུབ་ཕྱོགས་ཀྱི་ཡངས་པའི་རྩྭ་ཐང་དེ་གནམ་ཐང་གི་ས་ཆར་གཏན་འཁེལ་བྱས།
1956ལོའི་ཟླ་5ཚེས་26ཉིན། ཧན་ལིན་འཕྲུལ་ཙུའུ་ཡིས་བཏང་བའི་ཨང་5116དབྱིར — 12རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུས་རླུང་རྒྱུན་དང་སྤྲིན་ཚོམ་སོགས་གནམ་གཤིས་དཀའ་གནད་ཁྱད་བསད་བྱས་ཏེ་མཚོ་སྔོན་ཡུལ་ཤུལ་དུས་བདེ་གནམ་ཐང་ནས་འཕུར་ཡོང་ནས་བོད་ལྗོངས་འདམ་གཞུང་གནམ་ཐང་དུ་བདེ་བླག་ངང་བབས་ཏེ་པེ་ཅིང་ནས་ལྷ་སའི་བར་གྱི་ཚོད་ལྟའི་འཕུར་སྐྱོད་ལས་འགན་ལེགས་པར་བསྒྲུབས།
ཚོད་ལྟའི་འཕུར་སྐྱོད་ཐུབ་པ་དེས་གནམ་ཐང་དངོས་སུ་ཤར་གཏོང་ཐུབ་པ་ག་ལ་མཚོན། ལོ་བཅུ་ལྷག་ཙམ་ཚོད་ལྟའི་འཕུར་སྐྱོད་ཡང་ཡང་བྱས་པ་བརྒྱུད་1965ལོའི་ཟླ་3ཚེས་1ཉིན། དམངས་སྤྱོད་མཁའ་འགྲུལ་ལྷ་སའི་ས་ཚིགས་བཙུགས་པའི་སྐབས་སུ་དབྱིར—18རྟགས་ཅན་གྱི་གནམ་གྲུ་པེ་ཅིང་ནས་འཕུར་ཏེ་ཉིན་གཉིས་པར་འདམ་གཞུང་གནམ་ཐང་དུ་བབས་རྗེས་བོད་ཀྱི་མཁའ་འགྲུལ་དངོས་སུ་ཤར་གཏོང་ཐུབ་སྟེ་མཁའ་ལམ་འགྲིམ་འགྲུལ་གྱི་དུས་རབས་གསར་པའི་སྒོ་མོ་ཕྱེ།
“འཕུར་ཐུབ་པ”ནས“ཡག་པོ་འཕུར་བའི”བར།
ལུང་གཞུང་དུ་མཁའ་འགྲུལ་བདེ་ལམ་བསྐྲུན།
1965ལོར་འདམ་གཞུང་གནམ་ཐང་ཤར་གཏོང་ཐུབ་པའི་དགའ་སྤྲོའི་རྣམ་པའི་ཁྲོད་སླར་ཡང“གནམ་ཐང་གནས་སྤོ་བསྐྱར་སྐྲུན”གྱི་གཏམ་བཟང་ཡོངས་སུ་གྲགས།
ཕྱི་ལོར་ཀྲུང་དབྱང་གིས་གནམ་ཐང་གསར་པ་དེ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་ཚོའི་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་དུ་བསྐྲུན་རྒྱུ་གཏན་འཁེལ་བྱས།
1966ལོའི་ཟླ་11ཚེས་25ཉིན། ཁྲེང་ཏུའུ་ཧྲོང་ལིའུ་ནས་ལྷ་སར་འཕུར་བའི་དབྱིར—18རྟགས་ཅན་གྱི་གནམ་གྲུ་བབས་པ་དེ་ཐོག་ནས་གོང་དཀར་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་པ་མཚོན།
སྐབས་དེ་དུས་གོང་དཀར་གནམ་ཐང་དུ་གནམ་གྲུ་ཡག་པོ་འཕུར་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱེད་པར་ད་དུང་ཧེ་བག་ཆེན་པོ་ཡོད། དེ་རྗེས་མཁའ་ལམ་ཤར་གཏོང་ཐུབ་ནས་ལོ་12སོང་རུང་། གོང་དཀར་གནམ་ཐང་ལ་པེ་ཅིང་ནས་ཁྲེང་ཏུའུ་དང་ལྷ་ས་བར་དང་། ཁྲེང་ཏུའུ་ནས་ལྷ་ས། ལན་ཀྲོའུ་ནས་གོར་མོ་དང་ལྷ་ས་བར་བཅས་ཀྱི་མཁའ་འགྲུལ་ལམ་ཐིག་3ལས་མེད། ལོར་འགྲུལ་སྐྱེལ་བྱེད་ཚད་མཁའ་ལམ་ཤར་གཏོང་ཐུབ་པའི་ཐོག་མའི་སྐབས་ཀྱི་མི་ཐེངས་ཁྲི་0.44ནས་མི་ཐེངས་ཁྲི་5.31བར་འཕར་བའི་གྲངས་གཞི་ལས་ས་མཐོའི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་རིམ་གྱིས་འཕེལ་རྒྱས་ཕྱིན་པ་མངོན་ཡོད།
2006ལོར་སླེབས་སྐབས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ཁྲེང་ཏུའུ་ནས་ལྷ་ས་བར་གྱི་མཁའ་ལམ་སླར་གསོ(གཤམ་དུ“ཁྲེང་ལྷའི་མཁའ་ལམ་སླར་གསོ”ཞེས་བསྡུ་རྒྱུ) འཛུགས་སྐྲུན་གྱི་བསམ་ཕྱོགས་ཐེངས་དང་པོར་བཏོན་ཡང་། ལག་རྩལ་མི་འདང་བ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལས་གནས་སྐབས་ལག་བསྟར་བྱེད་ཐུབ་མེད་པས་དོ་དམ་པ་བློ་བཟང་ཕུན་ཚོགས་ཀྱི་སེམས་ནད་ཞིག་ཏུ་གྱུར། 2011ལོར་ལག་རྩལ་གསར་པས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་ལ་སྐྱ་རེངས་ཀྱི་འོད་སྣང་སྦྱིན། བློ་བཟང་ཕུན་ཚོགས་དང་ཚོགས་པས་མཁའ་ལམ་སླར་གསོ་འཛུགས་སྐྲུན་གྱི་ལས་ལ་གཞོལ་ཞིང་། ལོ་བཅུ་ལྷག་ཙམ་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། 2018ལོའི་ཟླ་གསུམ་པར་ཁྲེང་ལྷའི་མཁའ་ལམ་སླར་གསོའི་འཆར་གཞི་དེ་དོན་དངོས་སུ་གྱུར་ནས་ལོ་50ལྷག་ཙམ་རིང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས“ཕྱོགས་རྐྱང་པར་འཕུར་བའི”ལོ་རྒྱུས་མཇུག་འགྲིལ་ནས་གངས་ལྗོངས་ས་མཐོར“འགྲོ་འོང་ལོགས་དབྱེའི”ཕྱོགས་གཉིས་ཀྱི་མཁའ་ལམ་བཏོད་ཡོད།
ལྟེ་བ་ནས་ཕྱོགས་མང་བར།
ས་མཐོར་འཛམ་གླིང་གི་འབྲེལ་ཟམ་བསྐྲུན།
མཁའ་ལམ་ཤར་གཏོང་ཐུབ་ནས་ལོ་30སོང་རིང་། གོང་དཀར་གནམ་ཐང་སྔར་བཞིན་བོད་ཀྱི་མཁའ་ལམ་འབའ་ཞིག་ཡིན། 1995ལོའི་ཟླ་4པར་ཆབ་མདོའི་སྤང་མདའ་གནམ་ཐང་ཤར་གཏོང་ཐུབ་པས་བོད་ལ་མཁའ་ལམ་གཅིག་ལས་མེད་པའི་རྣམ་པར་འགྱུར་ལྡོག་ཕྱིན།
དེ་རྗེས། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་གཞི་ཁྱོན་མུ་མཐུད་ཆེ་རུ་ཕྱིན་པ་སྟེ། ཉིང་ཁྲིའི་སྨན་གླིང་གནམ་ཐང་གིས“བོད་ཀྱི་གཡུ་གཞོང”ཉིང་ཁྲི་ཕྱི་ཕྱོགས་དང་སྦྲེལ་བ་དང་། གཞིས་རྩེའི་ཞི་བདེའི་གནམ་ཐང་དང་མངའ་རིས་དགུན་ས་གནམ་ཐང་བསྟུད་མར་ཤར་གཏོང་ཐུབ་ནས་2011ལོའི་ཟླ་7ཚེས་26ཉིན་དངོས་སུ་སྤྱོད་འགོ་ཚུགས་ཡོད། “གཙོ་གཅིག་ཕལ་མང”གི་གནམ་ཐང་དྲ་བ་རིམ་བཞིན་གྲུབ་ནས་གོང་དཀར་གནམ་ཐང་གངས་ལྗོངས་ས་མཐོའི་མཁའ་ལམ་གྱི་ལྟེ་གནས་སུ་གྱུར།
2023ལོའི་ཟླ་6པར། གོང་དཀར་གནམ་ཐང་དུ་T1དང་T2གནམ་ཐང་འབབ་ཚུགས་སྒྱུར་བཀོད་རྒྱས་སྐྲུན་བྱེད་འགོ་ཚུགས་པ་དང་། དེ་སྔའི་T2གནམ་ཐང་འབབ་ཚུགས་རྒྱལ་སྤྱིའི་གནམ་ཐང་འབབ་ཚུགས་སུ་སྒྱུར་བཀོད་བྱས་པ་དང་སྨི་ངོས་གྲུ་15100ཟིན་པའི་རྒྱལ་སྤྱིའི་བྱེད་ནུས་ཁུལ་བཙུགས་པ་མ་ཟད། འགག་སྒོ་དང་མཐའ་མཚམས་ཞིབ་བཤེར་སོགས་ཀྱི་ནུས་པའང་འཐུས་སྒོ་ཚང་དུ་བཏང་ཡོད།
ཕྱི་ལོའི་ཟླ་7པར། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ལྷ་ས་གོང་དཀར་གནམ་ཐང་འདི་ཉིད་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ལ་མིང་སྒྱུར་བའི་ཆོག་མཆན་སྤྲད།
འདས་ཟིན་པའི་ལོ་ངོ་60ཡི་རིང་། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དེ་མྱ་ངམ་ཐང་གི་ལུང་གཞུང་ཞིག་ནས་གནམ་ཐང་འབབ་ཚུགས་3དང་། མཁའ་ལམ་151ཤར་གཏོང་ཐུབ་པ། གྲོང་ཁྱེར་74ལ་འཕུར་ཐུབ་པ་བཅས་ཀྱི་རྒྱལ་སྤྱིའི་གནམ་ཐང་ཆེན་པོ་ཞིག་ཏུ་གྱུར་པ་དང་། མཁའ་ལམ་གྱི་དྲ་རྒྱ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ་ཆེ་འབྲིང་ཁག་དང་དེ་བཞིན་ནེ་པ་ལ་དང་སིང་ཀ་ཕོར་སོགས་རྒྱལ་ཁབ་ལ་ཁྱབ་ཡོད། མཁའ་ལམ་འཕུར་སྐྱོད་ཀུང་སི་1ནས་12བར་འཕེལ་རྒྱས་ཕྱིན་པ་དང་། མཁའ་འགྲུལ་གྱི་ལམ་ཐིག་1ནས་193བར་མང་དུ་ཕྱིན་པ། ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་4400ནས་མི་ཐེངས་ཁྲི་760བར་འཕར་བ། ལོར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་14.9ནས་ཏུན་ཁྲི་5.2བར་འཕར་ཡོད།
གནམ་གྲུ་འཕུར་སྐྱོད་བྱེད་པའི་རྣམ་པ་ལས་གནམ་ཐང་ཞིག་གི་འགྱུར་ལྡོག་མཚོན་པ་མ་ཟད། བོད་དང་འཛམ་གླིང་དབར་གྱི་གཏམ་རྒྱུད་ཀྱང་དེ་བས་བརྗོད་བཞིན་ཡོད།
ལི་ཨོའུ།
སློབ་སྦྱོང་གི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད།
བོད་ལྗོངས་གནམ་ཐང་ཚོགས་པའི་གནམ་ཐང་འབབ་ཚུགས་ཀྱི་དོ་དམ་པུའུ་འཁོར་སྐྱོད་དོ་དམ་ཁང་གི་ཅིང་ལི་གཞོན་པ་ལི་ཨོའུ་ལ་བཅར་འདྲི་བྱེད་སྐབས། ཁོང་གིས་དྲན་གསོ་བྱེད་བཞིན་དུ“མ་གཞི་ལོ་20ལྷག་ཙམ་ཕྱིན་འདུག འོན་ཀྱང་སློར་གཉེར་དུ་བསྐྱོད་པའི་དམིགས་བསལ་གྱི་དུས་གཏན་གནམ་གྲུ་དེར་བབ་ཆགས་ཟབ་མོ་བྱུང”ཞེས་བཤད།
ལི་ཨོའུ་ཡིས་ལོ་དེར་བོད་ལྗོངས་མི་རིགས་སློབ་གླིང་གི་སློབ་མ་གསར་པ་ཟླ་9ཚེས་13དང་14ཉིན་སློབ་གྲྭར་འབྱོར་ཐོ་འགོད་དགོས་མོད། འོན་ཀྱང་སློབ་ཚུད་བརྡ་ཐོ་ལག་ཏུ་འབྱོར་འགོར་བས། ཉིན་དེར་སྤ་སེ་ཉོ་མཁན་སློབ་མ་མང་པོ་ཡོད། སྐབས་དེར་ཉིན་ལྟར་ཤིས་ཨན་ལ་ཐད་འཕུར་གྱི་དུས་གཏན་གནམ་གྲུ་གཅིག་ལས་མེད་པ་དང་། ཐ་ན་ཤིས་ཨན་བརྒྱུད་ནས་ཧྲང་ཧའེ་ལ་འཕུར་བའི་དུས་གཏན་གནམ་གྲུར་ཡང་རྐུབ་སྟེགས་ཁ་ཤས་ལས་ལྷག་མེད་པས་སློབ་མ་རྣམས་བྲེལ་འཚབ་ཧ་ཅང་ཆེན་པོ་ལངས་ཡོད་ཅེས་བཤད།
ཁོང་དང་ལས་རོགས་ཚོས་སྔོན་ལ་མཁའ་འགྲུལ་ཀུང་སིའི་ཆོག་མཆན་ཁྱབ་ཁོངས་ནང་ཧྲང་ཧའེ་རུ་བསྐྱོད་པའི་དུས་གཏན་གནམ་གྲུ་ནས་ཤིས་ཨན་དུམ་བུའི་སྤ་སེ་ཁག་གཅིག་བཏོན་ཡང་སྐར་ཆ་ཁ་ཤས་ལས་མ་འགོར་བར་བཙོངས་ཚར་བ་རེད།
ལི་ཨོའུ་དང་ལས་རོགས་ཚོས་འཕྲལ་དུ་གནས་ཚུལ་གསལ་བཤད་ཡི་གེ་ཞིག་བྲིས་ནས་རང་སྐྱོང་ལྗོངས་མཁའ་འགྲུལ་ཅུས་ལ“ད་ལྟ་བོད་ཀྱི་སློབ་མ་གསར་པ་ཤིས་ཨན་དུ་འབྱོར་ཐོ་འགོད་པར་འགྲོ་དགོས་འདུག འོན་ཀྱང་གནམ་གྲུའི་སྤ་སེ་རྫོགས་པས་རང་སྐྱོང་ལྗོངས་མཁའ་འགྲུལ་ཅུས་ཀྱིས་སྤ་སེ་ཐག་གཅོད་གནང་རོགས”ཞེས་བྲིས་པའི་བརྙན་སྐྱེལ་བསྐུར། བརྙན་སྐྱེལ་བསྐུར་ནས་ཉིན་གསུམ་སོང་རྗེས“སྤ་སེ་མང་དུ་བཏང་ཡོད་པས། སང་ཉིན་ཉོ་ཆོག”ཅེས་འཁོད་པའི་ཡིག་ལན་འབྱོར།
མཇུག་ཏུ་སློབ་མ་ཚང་མ་བདེ་བླག་ངང་ཤིས་ཨན་དུ་འཕུར་བའི་དུས་གཏན་གནམ་གྲུར་སྡོད་ཐུབ་པས་སློབ་མ་དང་ཁྱིམ་བདག་ཚོས་དགའ་ཚོར་ཆེན་པོས་ཐུགས་རྗེ་ཆེ་ཞུ་བའི་རྣམ་པ་དེ་ལོ་མང་སོང་ཡང་ད་དུང་ལི་ཨོའུ་ཡི་སེམས་ནང་གསལ་ལྷང་ངེར་དྲན་བཞིན་ཡོད།
བློ་བཟང་ཕུན་ཚོགས།
ས་མཐོའི་མཁའ་ལམ་རྒྱ་སྐྱེད་དང་སྣུར་སྲིང་ཐུབ་པར་བདེན་དཔང་བྱས།
1993ལོར། ལོ་20ལ་སླེབས་པའི་བློ་བཟང་ཕུན་ཚོགས་དམངས་སྤྱོད་མཁའ་འགྲུལ་ལྷ་སའི་སྤ་སེ་འཚོང་སར་ཉིན་གསུམ་བང་བསྒྲིགས་མོད། ཁྲེང་ཏུའུ་ཧྲོང་ལིའུ་ལ་འགྲོ་བའི་གནམ་གྲུའི་སྤ་སེ་སྔར་བཞིན་ཉོ་ཐུབ་མེད།
གནམ་གྲུར་སྡོད་འདོད་ཆེ་བའི་གཞོན་ནུ་དེས་རྗེས་སུ་རང་ཉིད་གནམ་ཐང་གི་ལྕོག་རིང་སྟེགས་བུར་ལས་ཀ་བྱེད་རྒྱུ་བྱུང་བ་རྨི་ལམ་ལའང་རྨིས་མྱོང་མེད།
ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་འཕུར་སྐྱོད་སློབ་གླིང་དུ་སློབ་སྦྱོང་བྱེད་སྐབས། ཕར་འགྲོ་ཚུར་འོང་བྱེད་པར་ལམ་བར་དུ་ཟླ་ཕྱེད་ཙམ་འགོར་བས་ལོ་གསུམ་ནང་བློ་བཟང་ཕུན་ཚོགས་བོད་ལ་ལོག་མྱོང་མེད་ལ་དུས་ཚོད་ཕལ་ཆེ་བ་སློབ་གྲྭར་སློབ་སྦྱོང་བྱས་ནས་སྡོད་ཀྱི་ཡོད།
1996ལོར་སློབ་གྲྭ་ཐོན་རྗེས་ཁོང་གནམ་གྲུར་ཐེངས་དང་པོ་བསྡད་ནས་ལྷ་སར་ཕྱིར་ལོག ད་ཐེངས་ཁོང་དོ་དམ་ཚོད་འཛིན་མི་སྣ་ཞིག་ཡིན་པའི་ངོས་ནས་ཆབ་མདོ་སྤོམ་མདའ་གནམ་ཐང་དུ་འཕུར་རྒྱུ་རེད།
སྐབས་དེ་དུས་སྤོམ་མདའ་གནམ་ཐང་དུ་གངས་གསོག་ཡང་སེ་ཐེབས་པ་དང་། གངས་སེལ་རླངས་འཁོར་མེད་པས། ཁ་བ་བབས་ཐེངས་རེར་ལས་དོན་མི་སྣས་ལྕགས་ཁྱེམ་འཁྱེར་ནས་ཁ་བ་གཙང་སེལ་བྱེད་དགོས་ཀྱི་ཡོད།
བློ་བཟང་ཕུན་ཚོགས་ལྷ་ས་གོང་དཀར་གནམ་ཐང་དུ་ལས་ཀ་བསྒྱུར་རྗེས། སྐབས་དེར་དོ་དམ་ཚོད་འཛིན་ཁང་དུ་ལེ་ཏ་སོགས་ལྟ་ཞིབ་སྒྲིག་ཆས་མེད་པས། འཕུར་སྐྱོད་པས་རླབས་མཐོའི་རྒྱང་བསྒྲགས་ནས་འཕུར་སྐྱོད་གནས་ཚུལ་སྙན་སེང་ཞུས་པར་བརྟེན་དོ་དམ་ཚོད་འཛིན་པས་འཕུར་སྐྱོད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་ཡོད།
ཞིབ་བཤེར་ཡང་ཡང་དང་ཡུན་རིང་བྱས་པ་བརྒྱུད། 2016ལོའི་ཟླ་12ཚེས་15ཉིན་བར་བློ་བཟང་ཕུན་ཚོགས་དང་ལས་རོགས་ཚོས་མཁའ་ལམ་ཉིས་གཤིབ་མའི་ཇུས་གཞི་ཆ་ཚང་12བཏོན་པ་དང་རྗེས་སུ་རིམ་པ་རེ་རེ་བཞིན་གོང་ཞུ་བྱས་པ་བརྒྱུད། ཁོང་ཚོས་ཇུས་འགོད་བྱས་པའི་ཁྲེང་ལྷ་ལམ་ཐིག་གི་ལམ་ཉིས་གཤིབ་མ་དེ་མཐར་དང་ལེན་བྱས།
ཁྲེང་ལྷ་ལམ་ཉིས་གཤིབ་མ་ཤར་གཏོང་བྱས་པ་དེས་མཁའ་ལམ་ལམ་ཐིག་རྐྱང་པ་དེ་ཕྱོགས་གཉིས་སུ་བསྐྱོད་པའི་བགྲོད་ལམ་དུ་འགྱུར་བ་མ་ཟད། གངས་ལྗོངས་ས་མཐོའི་མཁའ་ལམ་དྲ་རྒྱ་མགྱོགས་མྱུར་རྒྱ་ཆེར་འགྲོ་རྒྱུར་དེ་བས་སྐུལ་འདེད་ཐུབ་ཡོད།
ཉེ་བའི་ལོ་30འདས་རྗེས། བོད་ཀྱི་མཁའ་ཐོག་འགྲིམ་འགྲུལ་དོ་དམ་ཚོད་འཛིན་ཚན་པ་གནམ་ལྕོག་དོ་དམ་ཚོད་འཛིན་ཁང་ཞིག་ནས་ས་ཁོངས་དོ་དམ་ཚོད་འཛིན་ཁང་དང་། གནམ་གྲུ་མ་བབས་གོང་དང་འཕུར་རྗེས་ཀྱི་དོ་དམ་ཚོད་འཛིན་ཁང་། འཕུར་སྐྱོད་གསང་འཕྲིན་ཞབས་ཞུ་ཁང་སོགས་ཆེད་ལས་སྡེ་ཚན་མང་པོ་ཞིག་ཏུ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།