དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>འགོ་བརྗོད་གསར་འགྱུར།
  • ང་ཚོས་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་འདིའི་ལོ་རྒྱུས་ཉན་ནས་བདེན་དཔང་བྱེད།

    བུ་ཆུང་གྲགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-05

    ལོ་རྒྱུས་ཀྱི་དབྱངས་རྟ་དྲག་པོ་ཡིས་རྟག་ཏུ་དུས་དང་བར་སྟོང་བརྒལ་ནས་མི་སེམས་འགུལ་བའི་བྲག་ཅ་གྲགས་སྲིད།

    1965ལོའི་ཟླ་9ཚེས་1ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་ལྷ་སར་རྒྱལ་ཁའི་ངང་འཚོགས་ནས་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལག་ལེན་བསྟར་བ་ལས་བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་གྱི་གྲུབ་འབྲས་རླབས་པོ་ཆེ་སྲ་བརྟན་དུ་ཕྱིན་པ་དང་། བོད་ཀྱི་སྤྱི་ཚོགས་ལམ་ལུགས་དེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་མི་དམངས་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་ཡར་ཐོན་ཡོང་བར་འགན་ལེན་བརྟན་པོ་བྱས་ཡོད།

    1965ལོ་ནས་2025ལོ་བར། གནམ་སྒྱུར་ས་བརྗེས་ཀྱི་ལོ་རྒྱུས་ཀྱི་སྐད་ཅིག་མ་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་མི་ཡུལ་གྱི་ངོ་མཚར་བར། གངས་ལྗོངས་ས་མཐོའི་རབ་བྱུང་གཅིག་གི་འདས་སོང་གི་ལོ་ཟླ་རིང་མོའི་ནང་ང་ཚོས་ཅི་ཞིག་མཐོང་ཡོད། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་བའི་གཞོམ་ཞིག་བྲལ་བའི་མཛད་རྗེས་རྡོ་རིང་བར། ཉིན་མཚན་དབྱེར་མེད་དུ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྐྲུན་པའི་བརྒྱུད་རིམ་ནང་ང་ཚོར་མྱོང་ཚོར་གང་ཞིག་བྱུང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་གསོན་ཉམས་དོད་པའི་ལག་ལེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་མུ་མཐུད་རྩོམ་པའི་བརྒྱུད་རིམ་ནང་ང་ཚོས་གང་ཞིག་བློ་ལ་བརྟན་པོར་ངེས་ཡོད།

    ལོ་རྒྱུས་ཀྱིས་བརྗེད་མི་སྲིད་ལ། མི་དམངས་ཀྱིས་དེ་བས་བརྗེད་མི་སྲིད། འདི་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་། དཀའ་སྤྱད་འབད་བརྩོན་གྱིས་རྨང་གཞི་བཏིང་ནས་བྱ་གཞག་བཏོད་པ། འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་བཏོད་པའི་ལོ་ངོ་དྲུག་ཅུ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་མོས་སེམས་ཟབ་ཏུ་རྒྱུན་ཆད་མེད་པར་ཕྱིན་པའི་ལོ་ངོ་དྲུག་ཅུ་རེད།

    ལོ་རྒྱུས་ནི་ད་ལྟ་དང་འདས་སོང་བར་ནམ་ཡང་རྒྱུན་མི་ཆད་པའི་དྲི་བ་དྲིས་ལན་གྱི་སྤེལ་རེས་ལྟ་བུ་ཞིག་ཡིན་ཞིང་། འདས་སོང་གི་གནས་ཚུལ་ལ་ཕྱིར་དྲན་བྱས་ཚེ། ད་གཟོད་ད་ལྟའི་གནས་ཚུལ་ལ་རྒྱུས་ལོན་ཐུབ་པ་དང་། ད་ཡོད་ཀྱི་གནས་ཚུལ་ཁོང་དུ་ཆུད་ཚེ། ད་གཟོད་རེ་བས་ཁེངས་པའི་འབྱུང་འགྱུར་མཐོང་ཐུབ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་ཉེའི་མཚམས་སུ། ང་ཚོས་ངག་ཐོག་ལོ་རྒྱུས་ཀྱི་བཅར་འདྲི་བྱས་ནས་ལོ་ངོ་60ཡི་རིང་གི་དོན་དག་གལ་ཆེན་གསེད་བཀྲོལ་གྱིས་དགའ་སྐྱོ་གཉིས་ལྡན་གྱི་གཏམ་རྒྱུད་རེ་རེར་བསྐྱར་དྲན་དང་། ས་མཐོའི་བུ་ཕྲུག་མི་རབས་མང་པོས་དཀའ་བ་དུ་མ་ཁྱད་དུ་བསད་པའི་འདས་དོན་ལ་ཕྱིར་དྲན། སྤྱིར་བཏང་མིན་པའི་ལོ་ཟླའི་ཁྲོད་ཀྱི་བཀྲག་མདངས་འཚེར་བའི་སྐད་ཅིག་མར་ཕྱིར་ལྟ། ལོ་རྒྱུས་ཀྱི་མཛད་རྗེས་རྡོ་རིང་རེ་རེའི་རྒྱབ་ཀྱི་སྙིང་སྟོབས་ཀྱི་གསང་གྲངས་འཚོལ་ཞིབ་བཅས་བྱ་རྒྱུ་ཡིན། གཞན་ཡང་། ང་ཚོས་འོད་སྟོང་འབར་བའི་ལོ་ཟླ་མི་རིགས་ཁག་གི་མི་དམངས་ཀྱི་སེམས་སུ་ཟུག་པར་བྱས་ཏེ། གཟི་བརྗིད་རྒྱུན་འཛིན་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གསར་འབྱེད་ཟམ་མི་ཆད་པ་དང་རྒྱུན་མཐུད་ནས་བཟོ་བའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་བརྒྱུད། གཟི་བརྗིད་དང་ཕུགས་འདུན་གྱིས་ཕྱུག་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པར་གཞོལ་རྒྱུ་ཡིན།

    ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་བཏོད་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་འདིའི་ལོ་རྒྱུས་ང་ཚོས་ཉན་ནས་བདེན་དཔང་བྱ་རྒྱུ་ཡིན་ཞིང་། ལོ་ངོ་60ཡི་རིང་རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་སྒྱུར་བཀོད་དང་འཕེལ་རྒྱས་བཏང་བར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་ཐོབ་ཡོད། དུས་རབས་གསར་པ་ཤར་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་འོག བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་རྒྱུས་ལས་ར་འཕྲོད་བྱུང་བར། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་ང་ཚོས་བློ་ལ་བརྟན་པོར་ངེས་དགོས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་ནི་བོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་རྨང་གཞི་དང་། སྟོབས་ཤུགས། རེ་བ་བཅས་གནས་ས་རེད།

    ང་ཚོས་དུས་བསྟུན་མདུན་སྐྱོད་དང་འབྱུང་འགྱུར་རེ་བས་ཁེངས་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་འདིའི་ལོ་རྒྱུས་ཉན་ནས་བདེན་དཔང་བྱ་རྒྱུ་ཡིན་ཞིང་། རི་བོའི་སྤོ་རུ་འཛེགས་གྱུར་ན། གཙང་པོ་རྒྱང་དུ་བཞུད་པ་མཐོང་། རི་ཚོགས་རྩེ་མོར་གནས་གྱུར་ན། སྐྱི་བསེར་རླུང་གི་ངར་ཤུགས་ཚོར། སྔོན་ཆད་དང་བསྡུར་ན་བོད་གསར་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ནས་མི་ཡུལ་གྱི་ངོ་མཚར་བཏོད་པ་དང་། དེང་གི་ཆར་མཚོན་ན་དུས་རབས་གསར་པར་ཉིན་རེ་བཞིན་འཕེལ་རྒྱས་ཕྱིན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ། འབྱུང་འགྱུར་ལ་ཕྱོགས་ན་རྒྱང་ལམ་གསར་པར་ལས་འགན་ལྕི་ཞིང་ལམ་ཐག་རིང་ལ་མདུན་ལམ་འོད་ཟེར་སྟོང་དང་ལྡན་ངེས་རེད། “ང་ཚོ་ལམ་ཆེན་འདིའི་ཐོག་སྐྱོད་བཞིན་ཡོད” སླད་ཕྱིན་མཐུན་སྒྲིལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་དང་འབད་འཐབ་ལ་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གཏོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཡིད་ཆེས་དང་སྟོབས་ཤུགས་ཀྱིས་ཁེངས་ནས་ཡོད།

    རི་ཞིག་ཡིན་ན་འཛེག་དགོས། ཆུ་ཞིག་ཡིན་ན་བརྒལ་དགོས། ལོ་ངོ་60ཡི་འདུ་ལོང་ཆེན་པོའི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་བྱུང་བའི་འཕེལ་རྒྱས་ཀྱི་གོམ་སྟབས་རེ་རེས་ལོ་རྒྱུས་གསར་པ་ཟམ་མི་ཆད་པར་བཏོད་ཡོད།

    “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད” དུས་རབས་གསར་པ་དང་རྒྱང་ལམ་གསར་པར། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི་ཁ་ཕྱོགས་བརྒྱུད། མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་དྲིན་ཚོར་འབད་འབུངས་བྱས་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཟམ་མི་ཆད་པར་བཏོད་དང་གཏོད་མུས་རེད།

    ལམ་ཆེན་གྱི་འགྲུལ་བཞུད་ནི་རླབས་ཆེ་ཞིང་ཚར་དུས་མེད་པ་དང་། ལམ་ཆེན་གྱི་མུ་མཐའ་མི་མངོན་པས། ནམ་ཡང་འགྲོ་མཚམས་འཇོག་མི་ཉན། ང་ཚོ་མཉམ་དུ་མདུན་སྐྱོད་བྱས་ཏེ་ལོ་རྒྱུས་ཉན་བཞིན་བདེན་དཔང་བྱེད་དོ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།