དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>བོད་ཀྱི་འཕོ་འགྱུར།
  • དགུན་གྱི་གྲང་ངར་བརྒྱུད་མྱོང་མཁན་གྱིས་ད་གཟོད་དཔྱིད་ཀྱི་དྲོད་ཁོལ་ཚོར་ཐུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-31

    ལྷམ་རྐང་པ་དང་འཚམ་མིན་དེ་རང་གིས་དངོས་སུ་གྱོན་ན་གཞི་ནས་ཤེས་པ་བཞིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་ཡང་དག་མིན་དེའང་ཀྲུང་གོའི་མི་དམངས་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ལྡན་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གི་འགྱུར་ལྡོག་ཆེན་པོ་ལས། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ལ་རྩོད་ཐབས་བྲལ་བའི་ལག་ལེན་གྱི་མཆན་འགྲེལ་མཁོ་འདོན་བྱས་ཡོད།

    f1be515e4236d0d13c472cf219beddb.jpg

    ཟླ་བ། ན་ཚ་ལྟ་དཀའ་བ་ནས་སྒོ་རྩར་ནད་བཅོས་ཐུབ་པའི་བར་གྱི་འགྱུར་ལྡོག

    ད་ལོ་དགུང་ལོ་78ལ་སླེབས་པའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་འཇུན་པ་གྲོང་ཚོའི་ཨེམ་ཆི་ཟླ་བ་ལགས་ཀྱིས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་མིག་མཐོང་ལག་ཟིན་བྱུང་ཞིང་། འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་ཁོང་གིས“སྔོན་མའི་འཚོ་བ་དངོས་གནས་དཀའ་ལས་ཁག་པོ་རེད། ངས་དཀའ་ལས་མང་པོ་བརྒྱབ་ཡོད”ཅེས་བསྒམ་ནན་གྱིས་བརྗོད།

    9c35daca143202fbfc3b7e7ec410813.jpg

    ce7c0aee1de0092712c088ffb3c024e.jpg

    ལོ་19ལ་སླེབས་སྐབས་ཟླ་བས་ཚར་པ་ནང་ཤང་སྲིད་གཞུང་གི་འོས་སྦྱོར་འོག་རྫོང་སྨན་ཁང་དུ་སྨན་པ་ལོ་གཉིས་ཙམ་བྱས་རྗེས་གྲོང་ཚོར་ལོག་ནས་ཡུལ་མི་ཚོར་སྨན་བཅོས་བྱེད་འགོ་བརྩམས། སྐབས་དེ་དུས་ཀྱི་འགྲིམ་འགྲུལ་ཡོ་བྱད་གཙོ་བོ་ནི་ཀོ་གྲུ་ཡིན་པས་གལ་སྲིད་ཆུ་ཕ་རོལ་དུ་སྨན་བཅོས་བྱེད་པའམ་སྐྱེ་གཡོག་རྒྱུག་པར་འགྲོ་དགོས་ཚེ། ཁོང་སྐུ་མས་ཀོ་གྲུ་བཏང་ནས་འགྲོ་དགོས་ཀྱི་ཡོད། ཟླ་བས“སྐབས་འགར་ཆར་པ་འབབ་པའམ་ལྷགས་པ་ལྡང་བ་སོགས་ཀྱི་གནམ་གཤིས་དང་འཕྲད་ཚེ། རང་ཉིད་གཅིག་པུས་ཀོ་གྲུ་གཏོང་དགོས་པས་དངོས་གནས་ཁག་པོ་འདུག ཐེངས་གཅིག་ཆུ་བརྒལ་ནས་སྨན་བཅོས་བྱེད་པར་འགྲོ་སྐབས་ལག་ཏུ་བཟུང་བའི་ལྷམ་ཡ་གཅིག་ཆུར་ཟགས་ཏེ་སྒྲུག་པར་ཕྱིན་པས། པང་དུ་བཏབ་པའི་ཕྲུ་གུ་ཏོག་ཙམ་མ་གཏོགས་ཆུར་ཟགས་སོང་། ད་ལྟ་བསམ་བློ་འཁོར་དུས་ཀྱང་སྙིང་ཁ་གྲང་ཤུར་ཤུར་བྱེད་ཀྱི་འདུག ཡིན་ནའང་རང་ཉིད་ཀྱིས་བྱས་པའི་ལས་ལ་འགྱོད་པ་སྐྱེ་མྱོང་གཏན་ནས་མེད”ཅེས་བརྗོད།

    294ee7637122d0c948f3f9738e19c40.jpg

    ཟླ་བ་ལགས་ཀྱིས“ངས་གྲོང་ཚོའི་ཨེམ་ཆི་བྱས་པའི་ལོ་35ཡི་རིང་། ཁྱོན་སྦྲུམ་མ་144ལ་སྐྱེ་གཡོག་རྒྱུག་མྱོང་། སྐབས་དེ་དུས་འགྲིམ་འགྲུལ་སྟབས་བདེ་མེད་ལ་སྨན་རྫས་འདང་ངེས་མེད་པ། སྨན་བཅོས་ཡོ་བྱད་རྙིང་ལ་ཆ་ཚང་པོ་མེད་པས་སྨན་བཅོས་བྱེད་ཁག་པོ་ཡོད། ཡིན་ནའང་། ད་ལྟ་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་སྲིད་ཇུས་དང་བྱམས་བརྩེའི་ཐུགས་ཁུར་འོག བོད་ཀྱི་སྨན་བཅོས་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་སྟེ། དེང་རབས་ཅན་གྱི་སྨན་བཅོས་སྒྲིག་གཞི་དང་། སྨན་བཅོས་འགན་བཅོལ་གྱི་མ་ལག་འཐུས་སྒོ་ཚང་བ། སྒོ་རྩ་ནས་སྨན་བཅོས་ཀྱི་ཞབས་ཞུ་ལོངས་སྤྱོད་ཐུབ་ཀྱི་ཡོད་པས། ས་མཐོའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ལ་འགན་ལེན་དེ་བས་ཡག་པོ་ཐུབ་ཡོད། ཏང་དང་རྒྱལ་ཁབ་བཀའ་དྲིན་ཆེན་པོ་ཡིན་ཞེས”ལག་པ་གཉིས་པོ་བྲང་ཁར་སྦྱར་ནས་དགའ་ཚོར་གྱིས་བརྗོད།

    2c496a79073af971bb6157b6a8789e4.jpg

    ཀུན་རྡོར། གཙང་པོའི་ཆུ་ནས་ཆུ་ཀ་ལའི་བར་གྱི་འགྱུར་ལྡོག

    1950ལོར་སྐྱེས་པའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོའི་སྤོ་བོ་ཀུན་རྡོར་ནི་གྲོང་ཚོའི་འཐུང་ཆུའི་འགྱུར་ལྡོག་ལ་དཔང་པོ་བྱེད་མཁན་ཞིག་རེད།

    སྤོ་བོ་ཀུན་རྡོར་གྱིས་སྔོན་མ་གཙང་པོའམ་ཁྲོན་པ་ནས་འཐུང་ཆུ་ལེན་པར་འགྲོ་སྐབས་ཆུ་བན་ལྕི་ཞིང་ལམ་ཐག་རིང་ལ། ཆུ་ལེན་ཐེངས་གཅིག་གིས་ཆུ་ར་མ་གང་ཁེངས་ཀྱི་མེད་པས། ཁོང་གི་བཟའ་ཟླས་ཉིན་ལྟར་སྐེད་པ་གཞུ་ལྟར་བཀུག་ནས་ཆུ་ཐེངས་བཞི་ལྔ་ཙམ་ལེན་པར་འགྲོ་དགོས་ཀྱི་ཡོད། “སྐབས་རེ་ངས་ཀྱང་ཆུ་ཟོམ་ཁྱེར་ནས་ཆུ་ར་མ་རྒྱོང་གི་ཡོད། དངོས་གནས་སྐེད་པ་དང་དཔུང་པ་ཆག་གྲབས་བྱེད་ཀྱི་འདུག སྐབས་དེ་དུས་འཐུང་ཆུ་ལེན་པར་དཀའ་ལས་འདི་འདྲ་ཡོད་པས། གྱོན་གོས་འཁྲུད་རྒྱུ་ནི་རྒྱས་སྤྲོས་ཤིག་རེད། སྐབས་དེ་དུས་མི་མང་པོས་གྱོན་གོས་འཁྲུད་ཕོད་ཀྱི་མེད། གལ་ཏེ་ཕྱིར་དོན་དག་གལ་ཆེན་ཞིག་སྒྲུབ་པར་འགྲོ་དགོས་ཚེ། དྲེག་པ་ཡོད་པའི་གྱོན་གོས་དཀྱིལ་ནས་ཅུང་གཙང་བ་ཞིག་བསྒྲུགས་ནས་གྱོན་གྱི་ཡོད”ཅེས་སྤོ་བོ་ཀུན་རྡོར་གྱིས་མགོ་བོ་གཡུག་གིན་བརྗོད།

    be27ed9b4c8c056e3a1161df4c832cb.jpg

    “གཙང་པོ་ནས་ཁྲོན་པ། དེ་ནས་ཡ་ཅིན་ནས་ཆུ་ཀ་ལའི་བར་གྱི་འགྱུར་ལྡོག་ལས། ད་ཆ་ཆུ་གཙང་མ་དང་སྟབས་བདེ་པོ་འདི་འདྲ་འཐུང་རྒྱུ་བྱུང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་གཟིགས་སྐྱོང་སྲིད་ཇུས་རང་ལས་བྱུང་བ་ཞིག་རེད”ཅེས་ཀུན་རྡོར་གྱིས་བརྗོད། ཟུར་བསྟན་ལེབ་མཐོང་གི་དཔེ་ལྟར། ཚར་པ་ནང་གྲོང་ཚོའི་ཆུ་ལེན་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ལས། ཏང་དང་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ཚོར་ཐུབ་ལ། དེ་བས་ཀྱང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་སོང་རིང་བོད་ཀྱི་གྲོང་གསེབ་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་ཚོར་ཐུབ།  

    26f6b26d8a01525fd482e716fd1cba7.jpg

    པ་སངས། ལག་འཚེམ་ནས་འཕྲུལ་འཚེམ་བར་གྱི་འགྱུར་ལྡོག

    1949ལོར་སྐྱེས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་གྱི་སྤོ་བོ་པ་སངས་རང་ལོ་བདུན་ལ་སླེབས་སྐབས་རྐང་པ་གཉིས་ལ་གཅོང་ནད་ཕོག་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་ཁོམ་མ་བྱུང་སྟབས། དབང་རྩ་རིམ་གྱིས་འཁུམས་ཏེ་དབང་པོ་སྐྱོན་ཅན་དུ་གྱུར། འོན་ཀྱང་། ཁོང་གིས་མིག་མདུན་གྱི་འཚོ་བར་མགོ་བསྒུར་ནས་མ་བསྡད་པར་ནང་སེམས་ལ་སྙིང་རུས་ཀྱི་གཤོག་ཟུང་བསྒར་ཏེ་ཚེ་གང་འཚེམ་བཟོའི་ལས་ཀར་གཞོལ།

    ཁོང་གིས“སྔོན་མ་ལག་ཟུང་ལ་བརྟེན་ནས་སྐུ་དྲག་ལ་ཕྱུ་པ་དང་། གུར། སྣམ་བུ་སོགས་འཚེམ་དགོས་ཀྱི་ཡོད་ཅིང་། དུས་ཡུན་རིང་པོ་འགོར་བར་བརྟེན་དགོང་མོ་བཞུ་མར་འོག་ལ་མིག་ན་ན་བྱས་ཏེ་ནམ་ཕྱེད་བར་འཚེམ་བུ་རྒྱག་དགོས་ཀྱི་ཡོད། སྐབས་དེ་དུས་རས་གོང་ཧ་ཅང་མཐོ་བས། གོན་ཆས་གཅིག་ལོ་མང་པོ་གྱོན་དགོས་ཀྱི་ཡོད། གལ་སྲིད་གྱོན་པ་རལ་པའམ་ཟད་པ་ཡིན་ན་ལྷན་པ་ཡང་སེ་རྒྱག་དགོས་པ་མ་ཟད། ལྷན་པ་ཐེངས་མང་པོ་རྒྱག་ཐུབ་ཆེད་སྐུད་པ་རེ་རེ་བྱས་ནས་གནད་ལ་འཁེལ་པོས་འཚེམ་དགོས་ཀྱི་ཡོད་པས། ངའི་ལག་ཤེས་ཀྱང་འདི་འདྲ་བྱས་ནས་ཡག་པོ་ཆགས་སོང”ཞེས་བརྗོད།

    ལོ་ངོ་60ཡི་རིང་། བོད་ཀྱི་གྱོན་ཆས་ཀྱི་འཕོ་འགྱུར་ལས་སྔོན་མའི་རས་གོས་དཀོན་པ་དང་ལག་འཚེམ་བྱེད་པ་ནས་ད་ལྟའི་དར་སྲོལ་སྣ་མང་དང་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་བར་དུ་འཕེལ་རྒྱས་བྱུང་བ་དེ་ལས། བོད་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མཚོན་གྱི་ཡོད་ལ “འཚོ་གནས”ནས“འཚོ་བའི”བར་འཕོ་འགྱུར་བྱུང་བའང་མཚོན་གྱི་ཡོད།

    f8f3b8717c327a6aabbcf9591c962f2.jpg

    བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་མི་དམངས་ལ་རང་ཁྱིམ་རང་བདག་བྱུང་བའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་ལས། 1959ལོའི་གོང་དུ་བོད་འདི་ཡུན་རིང་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་ཏུ་གནས་ཤིང་། ཞིང་བྲན་དང་བྲན་གཡོག་རྣམས“མངའ་བདག་ཆེན་པོ་གསུམ”གྱི་གདུག་རྩུབ་ཆེ་བའི་བཤུ་གཞོག་དང་གཉའ་གནོན་འོག་འཚོ་དགོས་སྟབས། འགྲོ་བ་མིའི་ཐོབ་ཐང་དང་ལ་རྒྱ་ཟེ་ར་བ་གཏན་ནས་མེད། 1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བས། བོད་འདི་འཕེལ་རྒྱས་དང་ཡར་རྒྱས་ཡོང་བར་ཞི་བདེའི་འཕེལ་རྒྱས་ཀྱི་རྨང་གཞི་བཏིང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པས། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། 1965ལོར་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་དེ་ཐོག་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་ལྗོངས་སུ་ཁྱོན་ཡོངས་ནས་གཏན་འཁེལ་བྱས་པ་མཚོན་གྱི་ཡོད། དེ་ནས་བཟུང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ནས། རྒྱལ་ཁབ་ཀྱི་ལས་དོན་དང་ས་ཁུལ་དེ་གའི་ལས་དོན་དོ་དམ་བྱེད་པར་འདྲ་མཉམ་ངང་ཞུགས་པའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་སེམས་གཅིག་སྒྲིལ་དང་འབད་འཐབ་ཡར་བརྩོན་ཧུར་ཐག་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་བརྩམས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཀྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ངེས་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    གསར་འགོད་པ། བསོད་ནམས་མཚོ་མོ། ཕུན་ཚོགས་ཉི་སྒྲོན། ཚེ་བརྟན་རྡོ་རྗེ། ཉི་མ་ཚེ་རིང་། བསོད་ནམས་དབང་འདུས། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།