དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>གྲོང་གསེབ་དར་རྒྱས།
  • བོད་རུམ་གྱི་སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་ལ་འབད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུའུ་ཡུང་ལིང་། ཤིན་ཐུའོ།   |     སྤེལ་དུས།  2025-07-23

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་རུམ་འཐག་འཁོར་ཁང་དུ་སྒྲོན་ལགས་ཀྱིས་འཐག་ཁྲིའི་མདུན་དུ་བྱང་ཆ་དོད་པོས་བྱ་ཚང་འཁོར་གྱི་ཁ་གདན་ཞིག་འཐག་བཞིན་འདུག

    སྒྲོན་ལགས་ལོ་དགུ་ནས་བཟུང་རུམ་འཐག་སྦྱངས་པ་དང་ད་བར་ལོ་38འགྲོ་ཡི་ཡོད། ད་ཆ་ཁ་གདན་རྩེ་གྲ་འཐག་ཐུབ་པ་མ་ཟད། ཁ་གདན་གྱི་སྣ་ཁ་ཡང་ཕུན་སུམ་ཚོགས་ཤིང་། ཁོང་གིས་སྲོལ་རྒྱུན་ལག་རྩལ་གྱི་རྒྱུན་སྐྱོང་བཞིན་ཡོད།

    “སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་བཏགས་པའི་ཁ་གདན་ལོ་བཅུ་གྲངས་སོང་ཡང་ཞིག་མི་ཐུབ”ཅེས་སྒྲོན་ལགས་ཀྱིས་བོད་རུམ་གྱི་རྒྱུ་སྤུན་མི་ཞིག་པའི་ཁྱད་ཆོས་བརྗོད། རིང་ཚད་ལ་ལི་སྨི་70དང་ཞེང་ཚད་ལ་ལི་སྨི་60ཡོད་པའི་ཁ་གདན་འཐག་པར་གཟའ་འཁོར་གཅིག་ཙམ་འགོར་བ་དང་རིན་གོང་ཡང་སྒོར་ཆིག་སྟོང་ཡན་བྱེད་ཀྱི་ཡོད།

    རྒྱལ་རྩེ་རྫོང་ནི་བོད་ཀྱི་སྐད་གྲགས་ཆེ་བའི་བོད་རུམ་གྱི་ཕ་ཡུལ་ཡིན་ལ། བོད་རུམ་འཐག་པའི་ལོ་རྒྱུས་ཀྱང་རིང་ཞིང་། བོད་རིགས་ཀྱི་པང་གདན་དང་ཁ་གདན་ལག་རྩལ་2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་བཅུག་ཡོད། རྒྱལ་རྩེའི་ཁ་གདན་དང་། ཐུར་ཁེའི་ས་གདན། པོ་སིའི་ས་གདན་བཅས་ལ་འཛམ་གླིང་གི་ས་གདན་གྲགས་ཅན་ཆེན་པོ་གསུམ་ཞེས་བརྗོད་ཀྱི་ཡོད།

    བསྟན་འཛིན་འཕྲིན་ལས་ནི་སྒྲོན་ལགས་ཡོད་སའི་བོད་རུམ་ཀུང་སིའི་འགན་འཁུར་བ་ཡིན་ཞིང་། ཆུང་དུས་ནས་བོད་རུམ་རིག་གནས་ལ་དགའ་ཞེན་ཆེ་བས་སློབ་གྲྭ་ཐོན་རྗེས་ཁོང་གིས་ལས་ཁུངས་ཀྱི་ལས་ཀ་དོར་ནས་ཕ་ཡུལ་གྱི་བོད་རུམ་བྱ་གཞག་འཕེལ་རྒྱས་གཏོང་བའི་ལས་ལ་གཞོལ། ཁོང་གིས་རྒྱལ་རྩེའི་བོད་རུམ་ནི་ཐོན་ལས་ཤིག་ཡིན་པ་མ་ཟད། རིག་གནས་ཀྱི་གཞི་རྟེན་ཞིག་ཀྱང་ཡིན་པས་ངེས་པར་དུ་སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་ཁྲོད་འཕེལ་རྒྱས་དོན་གཉེར་བྱེད་དགོས་པ་ཤེས་ཀྱི་ཡོད།

    “རྒྱལ་རྩེའི་བོད་རུམ་འཐག་པར་བལ་འཁྲུ་བ་དང་། སྤུན་འཁལ་བ། ཚོས་རྒྱག་པ། འཐག་པ། ཇེམ་ཙེ་རྒྱག་པ་སོགས་ཀྱི་གོ་རིམ་བརྒྱུད་དགོས་ཀྱི་ཡོད། ང་ཚོས་ཚོས་རྒྱག་པ་དང་འཐག་པའི་ལྷུ་ཚིགས་གཉིས་ཀྱི་ལག་རྩལ་གོང་མཐོར་བཏང་ནས་ཁ་གདན་ལ་3Dཡི་མཐོང་ཚོར་རྣམ་པ་མངོན་པར་བྱེད་ཀྱི་ཡོད”ཅེས་བསྟན་འཛིན་འཕྲིན་ལས་ཀྱིས་བཤད།

    ཁོང་གིས་ཨར་སྐྲུན་རིག་པའི་ཆེད་ལས་ཀྱི་ཁྱད་ཆོས་སྤྱད་དེ་སྲོལ་རྒྱུན་གྱི་ལག་བྲིས་རི་མོ་གྲངས་འཛིན་དཔེ་རིས་སུ་བསྒྱུར་པ་མ་ཟད། “འདྲ་པར་ལ་བལྟས་ནས་བོད་རུམ་གྱི་ཤོག་བུའི་དཔེ་དབྱིབས་བེད་སྤྱོད་ལག་རྩལ”ཞིབ་སྤེལ་བྱས་ཏེ་གྲངས་འཛིན་པར་རིས་ནས་ཁ་གདན་གྱི་ཚོས་གཞི་དང་རི་མོ་ཡག་པོ་བྱུང་མིན་ཤེས་རྟོགས་བྱེད་ཀྱི་ཡོད།

    མིག་སྔར། བསྟན་འཛིན་འཕྲིན་ལས་ཀྱི་ཀུང་སིས་ཕྱིར་ཚོང་བྱེད་པའི་ཐོན་རྫས་སྲོལ་རྒྱུན་གྱི་ཁ་གདན་ནས་3Dཁ་གདན་དང་སྒྱུ་རྩལ་གྱི་འགེལ་རུམ་སོགས་སྣ་ཁ་མང་པོ་ཡོད་ཅིང་། ཁ་གདན་གྱི་རི་མོར་བྱ་འབྲུག་ཁ་སྤྲོད་དང་ལྷ་མོའི་འབག་སོགས་ཡོད་པ་དང་། འགེལ་རུམ་ལ་ཕོ་བྲང་པོ་ཏ་ལ་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་ཡོད་ལ། དེང་དུས་དར་སོ་ཆེ་བའི་གཞི་རྒྱུ་མཉམ་བསྲེས་བྱས་ཏེ་ཐོན་རྫས་ཕྱི་རྒྱལ་དུ་འཚོང་གི་ཡོད།

    ལག་རྩལ་ཐད་སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་བྱས་པར་བརྟེན་རྒྱལ་རྩེའི་ས་གཞི་ཆེ་མོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཅིང་། བསྟན་འཛིན་འཕྲིན་ལས་ཀྱི་ཀུང་སིས་མཉམ་ལས་ཁང་བཙུགས་པ་དང་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་བ་སོགས་བྱས་ཏེ་མི་27ལས་ཀར་བསྡུས་པ་དང་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་6ཙམ་ཟིན་པ་དང་ངལ་རྩོལ་ནུས་ཤུགས་མེད་པའི་ཁྱིམ་ཚང་དབུལ་པོར་ཐོབ་ཆ་སྒོར་ཁྲི་85བགོས་ཡོད། “མ་འོངས་ལོ་གསུམ་ནང་ང་ཚོས་སྟབས་བསྟུན་ལས་ཞུགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་སྟེ་མི་དེ་བས་མང་བ་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་བྱེད་རྩིས་ཡོད”ཅེས་བསྟན་འཛིན་འཕྲིན་ལས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།