དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>བོད་ཀྱི་འཕོ་འགྱུར།
  • ལྕགས་གོང་གི་ལམ་བུ། འཕྲང་ལམ་ཀྱག་ཀྱོག་ནས་བདེ་བགྲོད་གཞུང་ལམ་བར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-15

    ལྕགས་གོང་ཤང་དེ་ཉིད་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་ལྷོ་ནུབ་ཁུལ་དུ་ཆཌ་ཤིང་། ཤར་སྤྱི་གླིང་ཤང་དང་ནུབ་ནག་ཆུ་ལྷ་རི་དང་འབྲེལ་ཞིང་། བྱང་ངོས་ནག་ཆུ་འབྲི་རུ་དང་བར་ཐག་ཉེ་པོ་ཡོད། ས་ཁྱོན་ལ་སྤྱི་ལེ་ངོས་གྲུ་1055ཟིན་པའི་ས་ཆ་དེ་དེ་སྔོན་བྲག་རི་གཡང་གཟར་གྱི་ས་དབྱིབས་དང་འགྲིམ་འགྲུལ་ཆ་རྐྱེན་རྗེས་ལུས་ཀྱི་བཀག་སྡོམ་དང་ཚོད་འཛིན་ཕོག་རྐྱེན་ཡུན་རིང“ཁེར་ཆཌ་གླིང་ཕྲན”ཞིག་དང་གཉིས་སུ་མ་མཆིས།

    འདས་དོན་སྐོར་གླེང་སྐབས། ལྕགས་གོང་ཤང་གི་ཏང་ཡོན་རྒན་གྲས་ཚེ་རིང་རྡོ་རྗེས“དཔལ་འབར་ནི་ཆབ་མདོའི་ཐག་རིང་ཤོས་ཀྱི་རྫོང་ཡིན་པ་དང་། ལྕགས་གོང་ཡང་དཔལ་འབར་གྱི་ཐག་རིང་ཤོས་ཀྱི་ཤང་དེ་རེད། སྐབས་དེ་དུས་ཕྱི་ལ་ཐེངས་གཅིག་སྐྱོད་པར་དངོས་གནས་གནམ་ལ་འཛེག་པ་ལྟ་བུ་རེད། རྫོང་གྲོང་དུ་ཐེངས་གཅིག་སྐྱོད་པར་སྤྱི་ལེ་བརྒྱ་ལྷག་ཙམ་ལས་མེད་ཀྱང་ཉིན་གསུམ་ཏག་ཏག་འགོར་གྱི་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    བགྲེས་སོང་གི་བཀའ་མོལ་ལས་འདས་དོན་དག་དེ་མ་ཉིད་དུ་མི་རྣམས་ཀྱི་མིག་ལམ་དུ་མངོན་པ་སྟེ། རི་ལམ་ཀྱག་ཀྱོག་དེ་ཉིད་ལུག་གི་རྒྱུ་མ་བཞིན་གུ་དོག་ལ་ཀྱག་ཀྱོག་ཡིན་པ་དང་། གཞོགས་གཉིས་ཀྱི་རི་བོ་མཁའ་དབྱིངས་ལ་སྙེགས་པ་བཞིན་མཐོ་བ། བྲག་རི་གཡང་གཟར་དེ་ཉིད་གྲི་དང་སྟ་རེས་གཞོག་པ་དང་འདྲ་བ། གྲོག་རོང་གཏིང་ཟབ་ལ་མུན་པ་ཆེ་བ། དྲག་ཏུ་རྒྱུག་པའི་ཆུ་བོའི་རླབས་སྒྲ་ཆེ་བ་བཅས་ལས་མི་སེམས་འདར་སིག་སིག་ཆགས་ཀྱི་ཡོད།

    “འཁྱོལ་དཀའ་ཤོས་ནི་དགུན་ཁ་རེད”ཅེས་ཚེ་རིང་རྡོ་རྗེས་བརྗོད་པ་དང་། ཁོང་གིས“གངས་ཆེན་པོ་བབས་ནས་འགྲོ་ས་མེད་དུས་དངོས་གནས“འཇིག་རྟེན་དང་བྲལ་བ”རང་རེད། གངས་གསོག་ཐེབས་པ་ལུས་ཀྱི་སྐེད་པའི་མཚམས་སུ་སླེབས་པ་མ་ཟད། ཟླ་བ་ཁ་ཤས་འགྲོ་ལམ་ཁ་བས་བཀག་བཞིན་ཡོད། དེས་རྐྱེན་པས་ཕྱི་རོལ་གྱི་སྔོ་ཚལ་སོས་པ་དང་ཉིན་མཁོའི་དངོས་རྫས་དག་ལྕགས་གོང་ཤང་དུ་དབོར་མི་ཐུབ་པ་དང་། ཆ་འཕྲིན་འགག་སྟེ་རླུང་འཕྲིན་ཉན་རྒྱུ་ཡང་ཁག་པོ་ཡོད”ཅེས་བརྗོད་ཀྱི་འདུག

    རྗེས་ལུས་ཐེབས་པའི་འགྲིམ་འགྲུལ་ནི་ལྕགས་སྒྲོག་ལྗིད་པོ་ཞིག་དང་འདྲ་བར་ལྕགས་གོང་ཤང་གི་འཕེལ་རྒྱས་ལ་ཚོད་འཛིན་ཆེན་པོ་ཐེབས་ཤིང་། ཡུལ་མི་ཚོས་རང་ཁྱིམ་གྱི་ཚགས་ཤ་དང་མར། དེ་བཞིན་དབྱར་རྩྭ་དགུན་འབུ་དང་ཨ་བི་ཁ་སོགས་རྫོང་གྲོང་དུ་རིན་གོང་མཐོ་ཙམ་བྱས་ནས་འཚོང་དགོས་བསམ་མྱོང་ཡོད། ཚེ་རིང་རྡོ་རྗེས་མགོ་བོ་གཡུག་གཡུག་བྱེད་བཞིན“མི་དང་རྟ་ལ་བརྟེན་ནས་དབོར་རྒྱུ་ལས་ཐབས་གཞན་མེད་ལ། ལ་བརྒྱབ་ཀླུང་བརྒལ་ངང་ཉིན་མཚན་ཁ་ཤས་འགྲོ་དགོས་ཀྱི་ཡོད། དབྱར་ཁ་བརླན་བཤེར་ལ་སྐྲག་པ་དང་། དགུན་ཁ་གངས་ཁྲོད་དུ་ལུས་པར་སྐྲག་པ། ལམ་བར་ཡོམ་འཁྲུག་གིས་རྐྱེན་པས་དབྱར་རྩྭ་དགུན་འབུར་ཆག་སྐྱོན་དབང་གིས་སྤུས་ཀ་ཞན་དུ་འགྲོ་བ་དང་། ཚགས་ཤ་སོས་པ་དག་ཡུན་རིང་དབུགས་སུབ་དབང་གིས་དྲི་མ་བརྒྱབ་ན་དངོས་གནས་གྱོང་གུན་ཆེན་པོ་ཡོང་གི་འདུག རྫོང་གྲོང་དུ་འབྱོར་ཙམ་ཡོང་དུས་ཐོན་རྫས་དེ་དག་རྙིད་པ་དང་འཕྲོ་བརླག་ཕྱིན་ནས་རིན་གོང་མཐོ་པོ་མི་རག་པས། ལམ་གྲོན་ཕུད་ཚེ་དངོས་སུ་རག་པའི་ཡོང་འབབ་ཉུང་ཉུང་ཡིན”ཞེས་བརྗོད།

    “རི་བོ་ཆེན་པོ་འདིས་ཕྲུ་གུ་ཚོའི་འབྱུང་འགྱུར་གྱི་མདུན་ལམ་ཡང་བཀག་སོང”སློབ་གསོ་ནི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་ལྡེ་མིག་ལྟ་བུ་ཡིན་རུང་དེ་སྔའི་ལྕགས་གོང་དུ་ལྡེ་མིག་དེ་ལས་སླ་པོར་རྙེད་མི་ཐུབ། “ཕྲུ་གུ་ཚོ་རྫོང་གྲོང་དུ་སློབ་གྲྭ་ཡག་པོ་ཞིག་འགྲིམ་པར་གཏོང་འདོད་ཀྱང་དཀའ་ལས་ཆེན་པོ་འདུག ལམ་ཐག་རིང་པོ་དེ་འདྲ་དང་རི་བོ་གཡང་གཟར་པོ་དེ་འདྲར་ཕྲུ་གུ་ཚོ་འགྲོ་མི་ཐུབ་ལ། ང་ཚོ་ཡང་བློ་བདེ་པོ་མི་འདུག ཕྲུ་གུ་མང་པོ་དང་ལྷག་པར་དུ་ཕྲུ་གུ་བུ་མོ་སློབ་ཆུང་འགྲིམས་རྗེས་ཁྱིམ་དུ་ཕྱུགས་འཚོ་བ་དང་ནང་ལས་བྱེད་པར་ལོག་རྒྱུ་ལས་མ་འདས། ཁོ་ཚོ་སློབ་སྦྱོང་བྱེད་འདོད་ཀྱང་ལམ་བུ་འདིས་ཕྲུ་གུ་ཚོའི་མདུན་ལམ་བཀག་སོང”ཞེས་ཚེ་རིང་རྡོ་རྗེས་བརྗོད་པ་དང་། ཁོང་གི་འདྲེན་བྱེད་ལས་མི་རབས་རྗེས་མར་སློབ་གསོ་དང་ལེན་ཡག་པོ་མ་ཐུབ་པའི་ཕངས་སེམས་མངོན་གྱི་འདུག

    དེ་བས་སེམས་ཁྲལ་ཆེ་བ་ཞིག་ནི་སྨན་པ་བསྟེན་རྒྱུ་དེ་ཡིན་ཞིང་། ཚེ་རིང་རྡོ་རྗེས“དོས་དྲག་དང་ཚབས་ཆེའི་ནད་གཞི་ཕོག་དུས་དངོས་གནས་ག་བྱེད་འདི་བྱེད་མི་འདུག ནད་པ་ཁུར་ནས་ལ་བརྒྱབ་ཀླུང་བརྒལ་བྱས་ཏེ་རྫོང་གྲོང་དུ་སྐྱོད་དགོས་སམ། ཚེ་སྲོག་ནི་ཆེས་རྩ་ཆེན་ཡིན་པས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་བཏང་ན་འགྲིག་ཐབས་མེད”ཅེས་བརྗོད།

    ཡིན་ནའང་། དུས་རབས་ཀྱི་རླབས་རྒྱུན་མདུན་ཕྱོགས་སུ་ལང་ལོང་འཕྱུར་བ་དང་། འཕེལ་རྒྱས་ཀྱི་དཔྱིད་རླུང་གངས་ལྗོངས་ས་མཐོར་ལྡང་ཞིང་། རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་འཆར་གཞིའི་ནང་འགྲིམ་འགྲུལ་འཛུགས་སྐྲུན་དེ་ཉིད་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་ཡོད། “ཕྱུག་པོ་ཆགས་འདོད་ན་སྔོན་ལ་ལམ་བཟོ་དགོས་པའི”འདུ་ཤེས་ས་མཐོའི་ས་གཞི་ཆེན་པོ་ཡི་མི་སེམས་ལ་བརྟན་པོར་འཇགས་ཡོད། དཔལ་འབར་རྫོང་གི་འགྲིམ་འགྲུལ་འགག་གནད་རྦད་དེ་བསལ་ནས། ལོ་ཧྲིལ་པོར་ཤར་བགྲོད་ཐུབ་པ་དང་བདེ་འཇགས་ངང་ཤར་བགྲོད་ཐུབ་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་བསྐངས་ཏེ། ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཇུས་འགོད་ཧུར་ཐག་བྱས་ནས། གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་རབ་དང་རིམ་པར་སྔ་རྗེས་སུ་མཆན་འགོད་བཀའ་ལན་སྤྲད་དེ་སྐྲུན་འགོ་ཚུགས་པས། མཐར་ལྕགས་གོང་ཤང་ལ་འགྱུར་ལྡོག་འགྲོ་བའི་སྐྱ་མདའ་བཏང་།

    དེའི་ནང་། 2024ལོའི་ཟླ་བ་9པར་ཤར་གངས་ལའི་ཕུག་ལམ་ཤར་གཏོང་ཐུབ་པ་དེ་ནི་ལོ་རྒྱུས་ལ་འགྱུར་ལྡོག་གཏོང་བའི་བྱ་སྤྱོད་རླབས་པོ་ཆེ་ཞིག་ཡིན་ཞིང་། ཏང་ཡོན་རྒན་གྲས་ཚེ་རིང་རྡོ་རྗེས“དེ་སྔོན། ལོ་རེའི་ཟླ་བ་10པ་ནས་ཕྱི་ལོའི་ཟླ་བ་4པའི་བར་ཤར་གངས་ལར་ཁ་བ་བབས་ནས་རི་ལམ་བཀབ་པས་རྫོང་གྲོང་ནས་སྤྱི་གླིང་ཤང་བར་གྱི་འགྲོ་ལམ་ཆད་ཀྱི་ཡོད། ད་ཆ་ཕུག་ལམ་ཤར་གཏོང་ཐུབ་པས་ཁ་བ་ཆེན་པོ་ཇི་འདྲ་བབས་ཀྱང་འགྲོ་ལམ་འགག་གི་མེད། ཡུལ་མི་ཚོ་ལྷ་སར་འགྲོ་སྐབས་དེ་སྔ་བཞིན་སྤྱི་ལེ་རྒྱ་ལྷག་ཙམ་བསྐོར་ནས་རྒྱལ་ལམ་317བརྒྱུད་དགོས་ཀྱི་མེད”ཅེས་མྱོང་ཚོར་ཟབ་མོས་བརྗོད། ཕུག་ལམ་འདི་ཤར་གཏོང་ཐུབ་པ་ལས་ཁ་བས་བཀླུབས་པའི་ལྕགས་གོང་ཤང་གི་དགུན་གཞུང་རིང་པོ་མཇུག་འགྲིལ་བ་མ་ཟད། དཔལ་འབར་དང་ཕྱི་ཕྱོགས་ཀྱི་བར་ཐག་ཀྱང་ཐུང་དུ་ཕྱིན་ནས། ལྕགས་གོང་ཤང་འཕེལ་རྒྱས་མྱུར་པོ་འགྲོ་བར་རྨང་རྡོ་དང་པོ་བཏིང་ཡོད།

    དེ་དང་ཆབས་ཅིག ལྕགས་གོང་ཤང་ནང་ཁུལ་གྱི་འགྲོ་ལམ་ཆུང་གྲས་དག་ཀྱང་ཤར་གཏོང་མགྱོགས་མྱུར་ཐུབ་བཞིན་ཡོད་ཅིང་། G349ལམ་ཐིག་གི་ལམ་མདོ་ཁ་ནས་ལྕགས་གོང་ཤང་བརྒྱུད་ནག་ཆུ་འབྲི་རུ་རྫོང་གཡང་ཤོད་ཤང་དཀར་ནང་གྲོང་ཚོའི་བར་གྱི་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་དུས་ཐེངས་གཉིས་ལ་དབྱེ་ནས་སྐུལ་འདེད་གཏོང་བཞིན་ཡོད། དུས་ཐེངས་དང་པོའི་G349ཡི་ལམ་མདོ་ཁ་ནས་ལྕགས་གོང་ཤང་བར་དང་། དེ་བཞིན་ལྕགས་གོང་ཤང་གོ་ཆེན་གྲོང་ཚོ་ནས་གཡས་སྦུག་གྲོང་ཚོའི་བར་གྱི་གཞུང་ལམ་དེ་ཉིད་2018ལོའི“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱི་གཙོ་གནད་རྣམ་གྲངས་ཡིན་པའི་ངོས་ནས་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་ཡོད། གཡས་སྦུག་གྲོང་ཚོ་ནས་གཡང་ཤོད་ཤང་དཀར་ནང་གྲོང་ཚོའི་བར་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་ཡང་དུས་ཚོད་དམ་འཛིན་གྱིས་སྐྲུན་བཞིན་ཡོད།

    “དངོས་གནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་འདུག ད་ཆ་རྫོང་གྲོང་དུ་འགྲོ་བར་ཆུ་ཚོད་གཉིས་ལས་འགོར་གྱི་མི་འདུག”ཅེས་ཚེ་རིང་རྡོ་རྗེས་འཛུམ་དམུལ་དམུལ་ངང་བརྗོད། དེ་སྔའི་རང་བྱུང་འོབས་ཆེན་དེ་ཉིད་ད་ཆ་བདེ་ཞིང་རྒྱ་ཆེ་བའི་སྣུམ་ནག་ལམ་བུར་གྱུར་ནས། ཐག་རིང་ལུང་ཁུག་གི་ལྕགས་གོང་ཤང་དང་ཕྱི་ཕྱོགས་འབྲེལ་མཐུད་དམ་ཟབ་ཐུབ་ཡོད། འགྲིམ་འགྲུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ལས་ཁ་ཁུ་སིམ་པའི་རི་གྲོང་དེ་བས་འཁྲུག་ཆ་དོད་དུ་ཕྱིན་ཡོད།

    “ད་ཆ་ཚགས་ཤ་དང་དབྱར་རྩྭ་དགུན་འབུ་དག་མགྱོགས་མྱུར་དབོར་ཐུབ་ནས་རིན་གོང་མཐོ་པོ་རག་གི་འདུག་པས། ཡུལ་མི་ཚོའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཡོད”

    “ཤང་དུ་མོ་ཊ་ཉོ་མཁན་ཡང་མང་དུ་ཕྱིན་འདུག ཕྱིར་སྐྱོད་པར་སྟབས་བདེ་པོ་ཡོད་པ་མ་ཟད་ད་དུང་སྐྱེལ་འདྲེན་ལས་ལ་གཞོལ་ཆོག་པས། ཕྱུག་འགྱུར་གྱི་ལམ་བུ་དེ་བས་ཇེ་ཡངས་སུ་ཕྱིན་འདུག”

    ཕྲུ་གུ་ཚོ་སློབ་གྲྭར་འགྲོ་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ཅིང་། “ཕྲུ་གུ་ཚོ་རྫོང་གྲོང་དུ་སློབ་གྲྭར་འགྲོ་བདེ་རུ་ཕྱིན་ཡོད། ཁོ་ཚོ་ནི་ང་ཚོ་ལྕགས་གོང་ཤང་གི་འབྱུང་འགྱུར་གྱི་རེ་བ་ཡིན”

    སྨན་བཅོས་ཆ་རྐྱེན་ཡང་སྔར་བས་ལེགས་སུ་ཕྱིན་ཞིང་། “ད་ཆ་མི་ཚོར་གློ་བུར་ནད་གཞི་འདྲ་ཕོག་ཚེ་ཁ་པར་ཞིག་བརྒྱབ་ན་རླངས་འཁོར་གྱིས་ལམ་སེང་རྫོང་གྲོང་ལ་སྨན་བཅོས་བྱེད་པར་སྐྱེལ་གྱི་ཡོད”

    དེ་སྔ་འགྲོ་འོང་བྱེད་མཁན་ཉུང་བའི་ལྕགས་གོང་ལ་ཡང་ཐག་རིང་གི་མགྲོན་པོ་ཡོང་འགོ་ཚུགས་ཤིང་། འབྲི་རུ་རྫོང་གཡང་ཤོད་ཤང་དང་དཔལ་འབར་རྫོང་ལྕགས་གོང་ཤང་སྦྲེལ་མཚམས་སུ་གནས་པའི་བརྗིད་ཆགས་ཉམས་ལྡན་གྱི་གསའ་ཕུ་གངས་རི་དང་དེའི་འདབས་ཀྱི་རྒྱ་ཆེ་བའི་རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་ལ་ཡུལ་སྐོར་བ་མང་པོ་ལྟ་སྐོར་དང་ཡུལ་སྐོར་ལ་ཡོང་གི་ཡོད།

    “ད་ཆ་ཤང་ནས་རླངས་འཁོར་བཏང་སྟེ་གསའ་ཕུ་གངས་རིར་སྐྱོད་པའི་འགྲོ་ལམ་ཧ་ཅང་བདེ་པོ་ཡོད་པས། ཡུལ་སྐོར་བ་དེ་བས་མང་པོ་ཞིག་ང་ཚོའི་ཤང་ནས་ལོ་ངོ་སྟོང་གི་འཁྱགས་རོམ་ལ་ལྟ་བར་འགྲོ་གི་འདུག ཚང་མས་བརྗིད་ཆགས་དང་ལྡན་པ་ཞིག་འདུག་ཟེར་གྱི་འདུག”ཅེས་ཚེ་རིང་རྡོ་རྗེས་སྤོབས་པ་ཆེན་པོས་ངོ་སྤྲོད་བྱས། གཞན་ཡང་། ལྕགས་གོང་ཤང་ཆུ་གཞུང་་གཞོགས་གཉིས་ཀྱི་གཡང་གཟར་བྲག་ངོས་སུ་ཡོད་པའི་དོས་ལམ་རྙིང་པ་དམ་དུམ་དེ་ཚོའི་རྗེས་ཤུལ་དག་བྲག་ངོས་སུ་འཁོད་པའི་ལོ་རྒྱུས་ཀྱི་གསང་ཨང་དང་འདྲ་བར་ཉེན་བརྟག་མྱུལ་དཔྱད་ལ་དགའ་པོ་ཡོད་མཁན་དང་ལོ་རྒྱུས་རིག་གནས་ཞིབ་འཇུག་བྱེད་མཁན་མང་པོའི་ཡིད་དབང་འཕྲོག་ཡོད།

    “དེ་སྔ་ཉིན་གསུམ་འགྲོ་དགོས་པའི་ལམ་ལ་ད་ཆ་ཆུ་ཚོད་གཉིས་ལས་འགོར་གྱི་མེད། ལམ་འདི་ཁྱིམ་གྱི་སྒོ་རྩར་ཤར་གཏོང་ཐུབ་ཡོད་ལ། ང་ཚོ་མི་སེར་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་དེ་བས་ཀྱང་བསྐྲུན་བྱུང”ཞེས་ཚེ་རིང་རྡོ་རྗེས་བརྗོད། འགྲིམ་འགྲུལ་དྲ་བ་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས། ལྕགས་གོང་ཤང་གི་ས་མཐོའི་ཡུལ་ལྗོངས་དང་མི་ཆོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མི་དེ་བས་མང་པོས་ཤེས་རྟོགས་ཐུབ་ངེས་རེད། འགྲིམ་འགྲུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བའི་ལྕགས་གོང་ཤང་གིས་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་རྐྱང་ཞིག་བསུ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།