དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>བོད་ཀྱི་འཕོ་འགྱུར།
  • གྲོང་ཚོ་དེའི་ཕྱུག་པོའི་སྒོ་མོ་འབྱེད་པའི“གསེར་གྱི་ལྡེ་མིག”

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-07-11

    མྱུར་དཔྱད།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་བའི་དུས་བཟང་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་གནང་བ་ལས། ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་ཟབ་མོ་གནང་བ་དང་། མཐའ་མཚམས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་ཐུགས་རེ་ཟབ་མོ་གང་ལེགས་མངོན་ཡོད། འཕྲིན་ལན་འདི་ནི་ཀ་ལ་གྲོང་ཚོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གནང་བ་ཞིག་རེད་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཞི་རིམ་དུ་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཀྱང་རེད།

    2021ལོའི་ཟླ་7ཚེས་21ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་རྟོག་ཞིབ་གནང་རིང་། ཀ་ལ་གྲོང་ཚོར་ཕེབས་ནས་གྲོང་མི་ཟླ་བ་རྒྱལ་མཚན་དང་བྱམས་བརྩེའི་བཀའ་མོལ་གནང་བ་མ་ཟད། གྲོང་གསེབ་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་སྐོར་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། བགྲང་བྱ་4ཙམ་སོང་རྗེས་ཀྱི་དེ་རིང་། དུད་ཚང་33ལས་མེད་པའི་གྲོང་ཚོ་ཆུང་ཆུང་འདིས་གཡུར་དུ་ཟ་བའི་འབྲས་བཟང་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིར་བརྩེ་བས་ཕྱུག་པའི་འཕྲིན་ཡིག་གཅིག་ཕུལ་ཏེ་ཉེ་བའི་ལོ་ཤས་རིང་གྲོང་ཚོའི་ཕྱོགས་གང་ས་ཅི་ཐད་ལ་བྱུང་བའི་འགྱུར་ལྡོག་གསར་པ་རེ་རེ་བཞིན་སྙན་སེང་ཞུས། “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས། སྔོན་ཆད་ཀྱི“ཁམ་བུའི་མེ་ཏོག་གྲོང་ཚོ”དེ་ཉིད་ད་ལྟ་ཉིང་ཁྲིའི་ཡུལ་སྐོར་འཕེལ་རྒྱས་ཀྱི་མིང་བྱང་ལྟ་བུར་གྱུར་ཡོད་ལ། སྔོན་ཆད་ཀྱི་རི་སྐྱེས་ཁམ་སྡོང་དག་ཀྱང་ད་ཆ་གྲོང་མི་ཚོའི་འབབ་འཕར་ཕྱུག་འགྱུར་གྱི་སྒོ་མོ་འབྱེད་པའི“གསེར་གྱི་ལྡེ་མིག”ཏུ་གྱུར་ཡོད། མུའུ་270ཟིན་པའི་ཁམ་སྡོང་1253གྱི་ཚལ་ནས་སྐྱོད་སྐབས། ང་ཚོར་རེ་ཞིག་མེ་ཏོག་གི་རྒྱ་མཚོའི་ཀློང་དུ་ཐིམ་པ་ལྟ་བུའི་སྣང་བ་སྦྱིན་ཞིང་། 2025ལོར་ཀ་ལ་གྲོང་ཚོས་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་22པའི་ཐོག “གངས་རིའི་འདབས་ཀྱི་ཁམ་བུའི་མེ་ཏོག་གི་གསོལ་སྟོན་ཆེན་པོའི”རྩེར་སོན་སྤུས་རྟགས་བཏོད་པ་མ་ཟད། ཟླ་ཕྱེད་ཙམ་གྱི་དུས་ཚོད་ནང་། ཡུལ་སྐོར་བ་མི་ཐེངས་ཁྲི་11ལྷག་ཙམ་ལ་སྣེ་ལེན་ཞུས་པར། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་360རག་ཡོད། འགྱུར་ལྡོག་འདི་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་། བོད་ཀྱི་གྲོང་གསེབ་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་། དུས་ཐུང་ལོ་བཅུ་གྲངས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།

    གྲོང་མི་ཚོས་འཕྲིན་ཡིག་ནང་དྲངས་པའི“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པའི་གཏམ་དཔེ་ལས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད།

    ལོ་ངོ་60ཡི་རིང་། ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་སྤྱི་ཚོགས་བྱ་གཞག་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་དབུལ་སྒྲོལ་འགག་སྒྲོལ་ཐུབ་པའི་བར་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར། བོད་ཀྱི་བྱ་གཞག་ཁག་ལ་ཡར་རྒྱས་གང་བྱུང་བ་ཚང་མ་ཏང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་བྲལ་ཐབས་མེད་པས། དེ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད།

    ཀ་ལ་གྲོང་ཚོར་ཐོབ་པའི་གྲུབ་འབྲས་ལས་ཏང་གི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་ནི་མཐའ་མཚམས་འཕེལ་རྒྱས་གཏོང་བའི་རྩ་བའི་འགན་ལེན་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད། གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་བློ་ལ་བརྟན་པོར་བཅངས་ཤིང་། གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྙན་གྲགས་དེ་བས་ཆེ་རུ་གཏོང་བར་བརྟེན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀ་ཐུབ་པའི་ཁྱད་ལྡན་ལམ་བུར་ཞུགས་པར། གྲོང་མི་ཚོའི་དངུལ་ཁུག་ལྗིད་ཏིག་གེར་གྱུར་པ་མ་ཟད། གངས་ལྗོངས་ས་མཐོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་ཐུབ་ཡོད།

    ཀ་ལ་གྲོང་ཚོའི་འཕེལ་རྒྱས་ལས་ང་ཚོར་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཚེ་གཞི་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་མཐའ་མཚམས་ཡུན་རིང་བདེ་འཁོད་ཡོང་ཐུབ་པ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཐུབ་པ་ར་སྤྲོད་གང་ལེགས་བྱས་ཡོད།

    གསར་འགོད་པ། ཕུན་ཚོགས་ཉི་སྒྲོན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།