ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་ཁྲོམ་གཞུང་རྗེ་འབུམ་སྒང་སྡེ་ཁུལ་གྱི་བདེ་གསལ་སྒོ་ར་ཆེན་པོར་ཁྱིམ་མཚེས་འཆམ་ཞིང་བརྩེ་བ་ཟབ།
“པར་འདིའི་ནང་གི་བོད་ཆས་གྱོན་ཏེ་འདེམས་ཤོག་བཟུང་ནས་སྡོད་མཁན་འདི་ནི་ང་རེད”ཅེས་ལོ་86ལ་སླེབས་པའི་བདེ་སྐྱིད་སྒྲོལ་དཀར་གྱིས་འགྲེམས་པང་སྟེང་གི་པར་རྙིང་པ་ཞིག་ལ་མཛུབ་མོ་བཙུགས་ནས་བཤད་ཅིང་། སེར་པོར་གྱུར་པའི་པར་དེའི་ནང་དུས་རབས་གོང་མའི་ལོ་རབས་90པའི་གྲོང་མི་ཨུ་ལྷན་གྱི་སྐབས་བརྗེའི་འདེམས་བསྐོའི་རྣམ་པ་པར་དུ་བླངས་ཡོད། ད་ཆ་ཉི་འོད་ལམ་ལམ་དུ་འཚེར་བའི་སྒོ་རའི་ནང་ནས་པར་རྙིང་པ་དེ་དག་ལ་བལྟས་ཤིང་འདས་དོན་ལ་ཕྱིར་དྲན་བྱས་ཚེ་ལོ་རྒྱུས་ཀྱི་འཕོ་འགྱུར་དངོས་གནས་ཚོར་ཐུབ་ཀྱི་འདུག
དུས་རབས་20པའི་ལོ་རབས་90པར་བདེ་གསལ་སྒོ་ར་ཆེན་པོའི་ཡུལ་མིས་འདེམས་ཤོག་འཕངས་ནས་སྐབས་གསར་པའི་གྲོང་མི་ཨུ་ལྷན་གྱི་ཨུ་ཡོན་འདེམས་བཞིན་པ།
སྐབས་དེར་བརྒྱབ་པའི་པར་གཞན་ཞིག་ཏུ་གྲོང་མི་བཅུ་ཕྲག་ཁ་ཤས་ཀྱིས་བར་འཁྱམས་ནང་འཚང་ཁ་ཤིག་ཤིག་གིས་འདེམས་ཤོག་འཕེན་རྩིས་བྱེད་ཀྱི་འདུག “སྐབས་དེ་དུས་སྒོ་ར་ཆུང་བས་འདེམས་བསྐོའི་སྐབས་སུ་གསེག་བསློགས་ནས་ལངས་དགོས”ཞེས་བདེ་སྐྱིད་སྒྲོལ་དཀར་གྱིས་ཕྱིར་དྲན་བྱེད་བཞིན་བརྗོད། ཁོང་གིས་ད་དུང“སྒོ་ར་གུ་དོག་པ་དང་ཆར་པ་བབས་ནས་ཆུ་འཁྱིལ་ནའང་། ཚང་མ་སྡེ་ཁུལ་གྱི་ལས་དོན་ནང་ཞུགས་པའི་སྤྲོ་སེམས་ལ་འགྱུར་བ་གཏན་ནས་ཡོང་གི་མེད”ཅེས་བཤད།
འདྲ་པར་གྱི་ཟུར་ངོས་སུ་ལོ་13ལ་སླེབས་པའི་ཕུར་བུ་བུ་ཁྲིད་ཨ་མའི་རྒྱབ་ཏུ་གབ་ནས་ཡ་མཚན་ཆེན་པོས་ལྟ་བཞིན་ཡོད་ཅིང་། ད་ཆ་ཁོ་མོ་ལོ་41ལ་སླེབས་ཡོད་པ་དང་སྒོ་ར་ཆེན་པོའི་ཐེམ་དཔོན་ཡིན།
དུས་རབས་20པའི་ལོ་རབས་90པར་བདེ་གསལ་སྒོ་ར་ཆེན་པོའི་ཡུལ་མིས་འདེམས་ཤོག་འཕངས་ནས་སྐབས་གསར་པའི་གྲོང་མི་ཨུ་ལྷན་གྱི་ཨུ་ཡོན་འདེམས་བཞིན་པ།
དུས་རབས་གོང་མའི་ལོ་རབས་60པར་བསྐྲུན་པའི་བདེ་གསལ་སྒོ་ར་ཆེན་པོས་ལྷ་སའི་གྲོང་ཁུལ་རྙིང་པའི་འཕེལ་རྒྱས་དང་འཕོ་འགྱུར་ལ་དཔང་པོ་ཐུབ་ཅིང་། སྒོ་ར་ཆེན་པོར་སྒྱུར་བཀོད་ཆེན་པོ་ཐེངས་གཉིས་བྱས་པ་བརྒྱུད་སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་ཏེ་ས་ཕག་གི་རྩིག་པ་སོ་ཕག་གི་རྩིག་པར་གྱུར་བ་དང་། ཤིང་སྒོ་ལྕགས་སྒོ་རུ་བརྗེས་ཏེ་སྒྲིག་བཀོད་འཐུས་སྒོ་ཚང་བའི་དེང་རབས་ཅན་གྱི་སྡོད་ཁུལ་དུ་གྱུར་ཡོད།
བདེ་གསལ་སྒོ་ར་ཆེན་པོའི་ད་ལྟའི་རྣམ་པ།
སྒྱུར་བཀོད་བྱས་པ་དེས་སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་ཙམ་མ་ཟད། ཁྱིམ་མཚེས་དབར་དེ་བས་འཆམ་པོ་བྱུང་ཡོད། ཕྱི་དྲོར་རྒན་རྒོན་རྣམས་རྐུབ་སྟེགས་རིང་པོའི་སྟེང་དུ་བསྡད་ནས་ཉི་མ་སྲོ་བ་དང་། ཕྲུ་གུ་རྣམས་སྒོ་རའི་ནང་རྩེད་འཇོར་རོལ་བ། བུད་མེད་རྣམས་ཀྱིས་ཆུ་ཀ་ལའི་འགྲམ་དུ་གྱོན་གོས་འཁྲུ་བཞིན་དགའ་སྤྲོའི་ཉམས་བཟང་ཡོངས་སུ་མངོན། ཕུར་བུ་བུ་ཁྲིད་ཀྱིས“སྡོད་ཁང་གི་ཆ་རྐྱེན་ལེགས་སུ་སོང་ཡོད་ལ་སྒོ་རའི་ནང་གི་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་མང་པོའི་ཡུལ་མིས་ཧ་ཅང་འཆམ་མཐུན་ངང་འཚོ་བ་སྐྱེལ་གྱི་ཡོད”ཅེས་བཤད།
བདེ་གསལ་སྒོ་ར་ཆེན་པོའི་གྲོང་མིས་གྱོན་ཆས་འཁྲུ་བཞིན་པ།
2025ལོའི་ཟླ་2ཚེས་23ཉིན་རྗེ་འབུམ་སྒང་ཁྲོམ་གཞུང་བདེ་གསལ་སྒོ་ར་ཆེན་པོར་དང་པོའི་བཅོ་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་དང་ཞོལ་ལྷ་མོ་སྒྱུ་རྩལ་ཚོགས་པས་ལྷ་མོ་འཁྲབ་བཞིན་པ།
ལོ་ངོ་60བརྒྱུད་བདེ་གསལ་སྒོ་ར་ཆེན་པོ་ནི་གནའ་གྲོང་ལྷ་སར་སྒྱུར་བཅོས་དང་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། དེ་གར་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་བྱུང་ནས་ཡུལ་མི་ཚོས་དུས་རབས་གསར་པའི་བདེ་སྐྱིད་ཀྱི་གཏམ་རྒྱུད་མཉམ་དུ་རྩོམ་བཞིན་ཡོད།
ཟླ་6ཚེས་10ཉིན་སྒོ་ར་ཆེན་པོའི་གྲོང་མི་ཁྱིམ་མཚེས་ཀྱིས་སྒོ་རའི་ནང་ཁ་བརྡ་གློད་བཞིན་པ།
ཐེམ་དཔོན་ཕུར་བུ་བུ་ཁྲིད་ཀྱིས་བགྲེས་སོང་ཚོ་དང་ལྷན་དུ་སྒོ་ར་ནས་དོན་ཡོང་བ།