དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>པར་རིས་རྙིང་པ།
  • ད་དུང་ཁང་པའི་ཕྱི་རོལ་ཏུ་གློག་བརྙན་ལྟ་བའི་སྐོར་དྲན་གྱི་འདུག་གམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-01

    གློག་བརྙན་བསྟན་ནས་ལོ་33སོང་བའི་རྫ་ཡུལ་རྫོང་གི་གློག་བརྙན་སྟོན་མཁན་རྙིང་པ་རིག་འཛིན་ཕུན་ཚོགས་ཀྱིས་གངས་ལྗོངས་ས་མཐོའི་མཐའ་མཚམས་ཀྱི་གློག་བརྙན་བྱ་གཞག་ལ་བྱ་འཕུར་བ་ལྟར་འཕེལ་རྒྱས་མྱུར་པོ་ཕྱིན་པ་མིག་མཐོང་ལག་ཟིན་བྱུང་ཡོད། 

    སྤྱིན་ཤོག་ནང་གི་གློག་བརྙན་རྙིང་པ། ཐག་རིང་གྲོང་གསེབ་འཁྲུག་ཆ་དོད་པོར་འགྱུར་བར་བྱེད་པའི་མིག་ཡིད་རྣ་བའི་དགའ་སྟོན།

    1972ལོར་ལོ་30སླེབས་པའི་རིག་འཛིན་ཕུན་ཚོགས་ཀྱིས་རྫ་ཡུལ་རྫོང་དང་ཆབ་མདོ་ས་ཁུལ་དུ་ཟླ་3རིང་གསོ་སྦྱོང་ལ་ཞུགས་རྗེས་གློག་བརྙན་སྟོན་སྟངས་ཤེས། ཕ་ཡུལ་དུ་ལོག་རྗེས་འགྲོ་བ་དགོན་ཀུང་ཧྲེའི(ད་ཆའི་འགྲོ་བ་དགོན་གྲོང་རྡལ་ཡིན)གློག་བརྙན་སྟོན་མཁན་ལ་གྱུར།

    སྐབས་དེ་དུས་ཕྱི་རོལ་ཏུ་གློག་བརྙན་ལྟ་བ་ནི་བོད་ཀྱི་གྲོང་གསེབ་ཁུལ་གྱི་དར་སོ་ཆེ་ཤོས་དང་ཆེས་ཐོབ་པར་དཀའ་བའི་རིག་གནས་རོལ་རྩེད་ཀྱི་གོ་སྐབས་ཤིག་རེད།

    “གློག་བརྙན་བསྟན་ཚར་ནའང་ད་དུང་མི་མང་པོས་ཁྱིམ་དུ་ལོག་འདོད་བྱེད་ཀྱི་མེད། གྲོང་མི་འགའ་ཤས་ཀྱིས་རྩེད་མོ་དང་བཅས་གློག་བརྙན་སྟོན་བྱེད་འཕྲུལ་འཁོར་མ་གློད་པར་ཡང་བསྐྱར་སྟོན་པའི་ཞུ་བ་འཐེན་གྱི་ཡོད། ཁོང་ཚོས་ལྟ་འདོད་བྱེད་ལ་ང་རང་ཡང་སྟོན་འདོད་ཡོད་པས་མང་ཤོས་སྐབས་ཉིན་གཅིག་ལ་བསྟུད་མར་གློག་བརྙན་ཐེངས་བཞི་སྟོན་གྱི་ཡོད”ཅེས་རིག་འཛིན་ཕུན་ཚོགས་ཀྱིས་དྲན་གསོ་བྱེད་བཞིན་བཤད། 

    རིག་གནས་ཀྱི་རོལ་རྩེད་དཀོན་པའི་ལོ་ཟླའི་ནང་གློག་བརྙན་ལྟ་བ་ནི་དོན་ཆེན་ཞིག་ཡིན་ཞིང་། མང་ཚོགས་མང་པོས་གློག་བརྙན་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།

    བགྲེས་སོང་རིག་འཛིན་ཕུན་ཚོགས་ཀྱིས་ད་ཆའི་གྲངས་འཛིན་གློག་བརྙན་སྟོན་ཆས་ལ་ཤེས་རྟོགས་བྱེད་པ།

    གློག་བརྙན་སྟོན་པའི་ཤུལ་ལམ་རིང་མོ། སྙིང་རུས་ཆེན་པོས་རྒྱུན་བསྐྱངས་པའི་དཀའ་ཚེགས་ཆེ་བའི་ལོ་ཟླ།

    1972ལོ་ནས་2005ལོ་བར་ལོ་ལྟར་ཉུང་མཐར་ཡང་གློག་བརྙན་ཐེངས་350བསྟན་པ་དང་། ལོ་33རིང་ཁྱོན་བསྡོམས་གློག་བརྙན་ཐེངས་12000བསྟན་ཡོད། གྲངས་ཀ་དེ་དག་ནང་རིག་འཛིན་ཕུན་ཚོགས་ཀྱི་མི་ཚེ་ཕྱེད་ཀའི་སྙིང་རུས་དང་བརྟན་སྲུང་བྱས་པའི་རྔུལ་ཆུ་འདུས་ཡོད།

    སྐབས་དེ་དུས་རིག་འཛིན་ཕུན་ཚོགས་ཀྱིས་འགྲོ་བ་དགོན་ཀུང་ཧྲེའི་གྲོང་ཚོ་16ལ་གློག་བརྙན་སྟོན་པའི་འགན་འཁུར་གྱི་ཡོད་པས། ལོ་འཁོར་མོ་གྲོང་ཚོ་དེ་དག་གི་བར་ལ་ཟད་འགྲོ་གི་ཡོད། གྲོང་ཚོའི་ནང་གློག་མེད་པས་སོ་སོས་གློག་གཏོང་འཕྲུལ་འཁོར་འཁྱེར་དགོས་པ་དང་། ལམ་ནི་འཕྲང་ལམ་ཡིན་པས་རྟ་བཞོན་པའམ་རྐང་ཐང་མར་སྐྱོད་དགོས། གལ་ཏེ་གྲོང་ཚོ་གཅིག་ཏུ་གློག་བརྙན་ཉིན་མང་པོ་སྟོན་དགོས་ན་དེ་གར་ཞག་མོ་སྡོད་དགོས་པ་མ་ཟད། ལྟོ་ཆས་དང་ཉལ་ཆས་ཡན་ཆད་ནས་སོ་སོས་འཁྱེར་དགོས། བརྙན་རས་འགེལ་སའི་དབྱུག་པ་མེད་དུས་གྲོང་ཚོའི་ནང་ནས་ཤིང་བཅད་ནས་དེའི་ཚབ་བྱེད་དགོས་ཡོད། ཆར་པ་དང་གངས་འབབ་སྐབས་རང་ཉིད་རློན་རྐྱང་ཆགས་རུང་སྒྲིག་ཆས་ཚང་མ་ལེགས་པར་བཏུམས་ནས་ཆར་ཆུས་མི་བརླན་པ་བྱེད་དགོས། གྲོང་ཚོར་འབྱོར་རྗེས་ཉིན་མོ་འཕྲུལ་འཁོར་ལ་ཕྱིས་བརྡར་དང་སྒྲིག་ཆས་ལ་ཞིབ་བཤེར་སོགས་བྱེད་ཞོར་དུ་མང་ཚོགས་ལ་ལས་ཀ་བྱེད་རོགས་བྱེད་པ་དང་དགོང་མོ་གློག་བརྙན་སྟོན་སར་བསྡུ་གསོག་བརྒྱབ་རྗེས་མཚན་གང་གློག་བརྙན་སྟོན་ཆས་བསྲུངས་ནས་སྡོད་དགོས་པ་ལ་སོགས་གློག་བརྙན་སྟོན་རིམ་བཞིན་ལས་ཀ་ཙག་ཙིག་རྫོགས་རྒྱུ་མེད་རུང་ཁོང་གིས་དེ་ལྟར་ལོ་མང་པོ་རྒྱུན་བསྐྱངས་ཡོད།

    རིག་འཛིན་ཕུན་ཚོགས་ཀྱིས“གློག་བརྙན་སྟོན་མཁན་བྱས་པ་ནས་བཟུང་། ལོ་བཅུ་གྲངས་འདིའི་ནང་ངས་ཧུར་ཐག་འབད་ཐག་གིས་གློག་བརྙན་སྟོན་མཁན་ཡག་པོ་ཞིག་བྱས་པ་ཡིན། མ་གཞི་དཀའ་ལས་ཆེ་རུང་ལམ་འདི་བདམས་ཟིན་པས་ངེས་པར་དུ་ལས་ཀ་ཡག་པོ་བྱེད་དགོས་པ་ཨ་ཅང་བརྗོད་མེད་རེད་ལ། མང་ཚོགས་ཀྱི་རེ་སྒུག་ཆུད་ཟོས་སུ་གཏོང་མི་རུང”ཞེས་བཤད།

    རིག་འཛིན་ཕུན་ཚོགས་ལོ་ཆུང་དུས“ཁྲང་ཅང”རྟགས་ཅན་གྱི་གློག་བརྙན་སྟོན་བྱེད་འཕྲུལ་འཁོར་ནས་འཛེ་ཐར་གྲོང་ཚོར་གློག་བརྙན་སྟོན་བཞིན་པ།

    གློག་བརྙན་གྱི་དུས་རབས་གསར་པ། རིག་གནས་ཀྱི་འཕེལ་རྒྱས་ལས་མངོན་པའི་འཕོ་འགྱུར་ཆེན་པོ།

    “སྐབས་དེ་དུས་ང་དང་མཉམ་དུ་གློག་བརྙན་སྟོན་པའི་ལག་རྩལ་སྦྱོང་མཁན་གྲས་ནས་ང་ལ་མ་གཏོགས་མཐོ་རིམ་རྩལ་ནུས་ལག་ཁྱེར་རག་མེད། ཧའོ་སྨི་16དང་ཧའོ་སྨི་35སོགས་གློག་བརྙན་སྟོན་ཆས་མི་འདྲ་བ་གཙོ་ཆེ་བ་4ཡོད་པ་ཚང་མ་ངས་བེད་སྤྱོད་གཏོང་ཤེས་ཀྱི་ཡོད། ལོ་དེ་དག་ནང་ཁྱོན་བསྡོམས་གློག་བརྙན་བརྒྱ་གྲངས་ལྷག་ཙམ་བསྟན་འདུག”ཅེས་ཁོང་གིས་བརྗོད་ཅིང་། སྤྱིན་ཤོག་དུས་རབས་སྐོར་གླེང་སྐབས་རིག་འཛིན་ཕུན་ཚོགས་ལ་གཞན་ལ་མེད་པའི་སྤོབས་སེམས་ཆེན་པོ་ལྡན་ཡོད་པ་རེད།

    2005ལོར་རྒན་ཡོལ་མ་ཞུས་གོང་རིག་འཛིན་ཕུན་ཚོགས་ལ་གྲངས་འཛིན་གློག་བརྙན་སྟོན་ཆས་སྤྱོད་རྒྱུ་བྱུང་ཞིང་། ཁོང་གིས“ད་ཆ་གྲོང་གསེབ་ཏུ་གྲངས་འཛིན་འཕྲུལ་འཁོར་སྤྱད་ནས་གློག་བརྙན་ལྟ་ཡི་འདུག སྔོན་མ་དང་མི་འདྲ་བར་བེད་སྤྱོད་གཏོང་བདེ་པོ་འདུག སྔོན་མ་ཡིན་ན་སྤྱིན་ཤོག་བླུགས་སྒམ་ཧ་ཅང་ལྕི་བའི་སྒང་ལ་ད་དུང་སྤྱིན་ཤོག་འཁོར་ལོ་བསྒར་བ་དང་ལྡོག་དཀྲིས་རྒྱག་པ་སོགས་བྱེད་དགོས་པས་རྙོག་དྲ་ཚ་པོ་ཡོད། ད་ཆ་གྲངས་འཛིན་འཕྲུལ་འཁོར་དེ་ཧ་ཅང་ཡང་པོ་ཡོད་ལ་གློག་བརྙན་ཚང་མ་འོད་སྡེར་ཆུང་ཆུང་ཞིག་ནང་བླུགས་ཡོད་པ་མ་ཟད། སྣང་བརྙན་གསལ་ལ་གློག་བརྙན་གྱི་སྣ་ཁའང་མང་པོ་འདུག”ཅེས་མྱོང་བ་ཟབ་མོས་བཤད། གཞན་ཡང་ད་དུང་བོད་ཀྱི་མཐའ་མཚམས་གྲོང་ཁྱེར་ཆུང་ངུར་ཡང་དེང་རབས་ཅན་གྱི་གློག་བརྙན་ཁང་བཙུགས་ཤིང་། 2018ལོར་རྫ་ཡུལ་རྫོང་གི་གྲངས་འཛིན་གློག་བརྙན་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པས། མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་རྩ་ནས་གྲོང་ཁྱེར་ཆེན་པོ་དང་འདྲ་བར་རྒྱལ་ཕྱི་རྒྱལ་ནང་གི་གློག་བརྙན་སྣ་ཚོགས་ལྟ་ཐུབ་ཀྱི་ཡོད། 2023ལོ་དང་2024ལོར་གློག་བརྙན་ཁང་དེ་ལོ་གཉིས་བསྟུད་མར་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་གློག་བརྙན་སྤ་སེ་འཚོང་ཚད་ཨང་དང་པོར་སླེབས་ཤིང་མང་ཚོགས་ཀྱི་བསམ་བློ་དང་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད།

    ལོ་རབས་70པའི་ཚོན་ཁྲ་མེད་པའི་གློག་བརྙན་ནས་ལོ་རབས་80པའི་དུས་མཇུག་གི་ཚོན་ཁྲ་ཅན་གྱི་གློག་བརྙན་བར་དང་དེ་ནས་ད་ཆའི་3Dགློག་བརྙན་བར། སྤྱིན་ཤོག་གློག་བརྙན་ནས་གྲངས་འཛིན་གློག་བརྙན་བར་དང་། ཁང་ཕྱིའི་གློག་བརྙན་ནས་ཁང་ནང་གི་དེང་རབས་ཅན་གྱི་གློག་བརྙན་གྲོང་བར་གྱི་འགྱུར་བ་ལས་བོད་ཀྱི་མི་དམངས་ཀྱི་གློག་བརྙན་དང་བརྙན་འཕྲིན་རིག་གནས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན་ཞིང་དེ་ལས་ས་མཐོའི་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོའང་མངོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།