མཐིང་སྨུག་སྦྲ་གུར་ནས་དེང་རབས་གྲོང་གསར་བར་གྱི་འགྱུར་ལྡོག
རང་ལྗོངས་ཀྱིས་སྡོད་ཁང་འཛུགས་སྐྲུན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་ལོ་68ལ་སོན་པའི་རྒན་མོ་ཚེ་རིང་ཆོས་འཛོམས་ཀྱིས་རང་གི་སྡོད་ཁང་གསར་པའི་མདུན་དུ་ལངས་ནས་གཉེར་མས་ཁེངས་པའི་ལག་ཟུང་གིས་སེར་སྐྱའི་མདོག་གི་ཁང་པའི་གྱང་ངོས་ལ་བྱིལ་བྱིལ་བྱེད་བཞིན་མཆིས། དྲོད་ལྡན་བོད་ཁང་ཉིས་ཐོག་དེའི་ཐབ་ཚང་དུ་ནུས་རྒྱུ་གྲོན་ཆུང་གི་སོལ་རླངས་ཐབ་བསྒར་ཡོད་པ་དང་། གསང་སྤྱོད་དང་ཁྲུས་ཁང་དུ་ཆུ་ཚ་པོ་ཉིན་མཚན་དབྱེར་མེད་སྤྱོད་རྒྱུ་ཡོད་པ། སྒེའུ་ཁུང་གི་སྟེང་དུ་བཞག་པའི་སྐལ་བཟང་མེ་ཏོག་ཉི་འོད་འོག་མཚར་སྡུག་ལྷག་པར་བཀྲ་ཞིང་། དེ་འདྲའི་ཡིད་དགའ་བའི་རྣམ་པས་མི་རྣམས་ལ་ཕ་ཁྱིམ་དྲོན་མོའི་སྣང་བ་ཞིག་ངང་གིས་སྟེར།
“སྔོན་ཆད་ཀྱི་ས་ཕག་ཁང་པར་དགུན་ཁ་གྲང་རླུང་ག་ས་ག་ནས་འཛུལ་ཞིང་། དབྱར་ཁ་ཐིཌ་པ་རྫོགས་རྒྱུ་མེད་པ་མ་ཟད། ད་དུང་ལྕི་བ་འབུད་ནས་དྲོད་ཁུག་ཐབས་བྱེད་དགོས་ཀྱི་ཡོད། དེ་དག་ཡིད་ལ་འཁོར་ཚེ་ད་ལྟའི་འཚོ་བ་ནི་ངོ་མ་རྨི་ལམ་རང་རེད”རྒན་མོའི་གདོང་ནས་འཕྱུར་བའི་ཟོལ་མེད་ཀྱི་འཛུམ་མདངས་ལས་བོད་ཀྱི་སྡོད་ཁང་འཛུགས་སྐྲུན་ལ་བྱུང་བའི་འཕོ་འགྱུར་ཟུར་བལྟས་ལེབ་མཐོང་དུ་མངོན་བཞིན་འདུག
སྡོད་ཁང་འགན་སྲུང་།
ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྡོད་ལས་གྲྭ་བསྐྲུན་པས་ས་མཐོར་དྲོ་སྐྱིད་ཀྱིས་ཁེངས།
1952ལོའི་ཡར་སྔོན་དུ། བོད་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་30ཡང་ཟིན་གྱི་མེད་པ་དང་། མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་3ཡང་ཟིན་གྱི་མེད་པ་མ་ཟད། 90%ཡན་གྱི་མང་ཚོགས་ལ་སོ་སོར་དབང་བའི་ཁང་པ་མེད་པས། ཐོག་དཔངས་དམའ་བའི་སྤྱིལ་བུའམ་ཡང་ན་བ་ཚང་དུ་སྡོད་དགོས་རྐྱེན་འཚོ་བ་ཧ་ཅང་ཉམ་ཐག་པོ་ཡོད།
དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་བཀས་བཀོད་རྒྱུད་འཛིན་གྱི་ལྕགས་སྒྲོག་ལས་ཐར་ནས་ཚང་མར་སྡོད་སའི་ཁང་པ་ཡོད་པ་དང་། དུས་རབས་གསར་པར་སླེབས་རྗེས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གསར་སྒྱུར་དང་འགན་སྲུང་མ་ལག་མཉམ་སྤྱོད་བྱེད་པ་དང་། ཡུལ་གཞན་དུ་གནས་སྤོ་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་སྡོད་ཁང་སོགས་བྱེད་ཐབས་ལ་བརྟེན་ནས་སྡོད་ཁང་ཐད“སྡོད་སའི་ཁང་པ་ཡོད་པ”ནས“ཁང་པ་ཡག་པོ་ཡོད་པའི”ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཞིང་། ལོ་ངོ་བཅུ་ཕྲག་འགའི་རིང་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་མཐར་བོད་ཀྱི་སྡོད་ཁང་འགན་སྲུང་ཐད“མེད་པ”ནས“ཡོད་པའི”བར་དང་གཞི་རྩའི་འགན་སྲུང་ནས་ས་ཁོངས་ཧྲིལ་པོར་ཁྱབ་པའི་བར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།
ད་ཆ་བོད་དུ་ལས་ཤག་དང་། སྤྱི་པའི་བོགས་གཏོང་ཁང་པ(ཁང་གླ་ཁེ་བའི་སྡོད་ཁང)འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་བཅས་ཀྱིས་གཙོས་པའི་རིམ་པ་མང་བའི་སྡོད་ཁང་འགན་སྲུང་མ་ལག་བཙུགས་པ་མ་ཟད། དངོས་རྫས་བགོ་བཤའ་དང་དངུལ་ལོར་གྱི་ཁ་གསབ་ཟུང་འབྲེལ་བྱས་པའི་སྡོད་ཁང་འགན་སྲུང་གི་མཁོ་སྤྲོད་མ་ལག་བཙུགས་པ་དང་ཆབས་ཅིག་འཐུས་སྒོ་ཚང་དུ་བཏང་བས། ལྗོངས་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་སྲུང་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་འགན་སྲུང་བྱེད་དགོས་རིགས་ཚང་མ་གཞི་རྩའི་ཆ་ནས་འགན་སྲུང་ཐུབ་ཡོད།
དེ་དང་ཆབས་ཅིག་དགོན་སྡེའི་ཉེན་ཡོད་གྲྭ་ཤག་དང་གྲྭ་ཤག་རྙིང་པ་དང་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་ཚང་མའི་སྡོད་ཁང་སྐྱོ་ཁུལ་བཟོ་བཅོས་རྒྱག་ཁོངས་སུ་བཅུག་པ་དང་ཆབས་ཅིག་ཆ་རྐྱེན་དང་མཐུན་པའི་ཁོར་ཡུག་གཙང་སྦྲ་བ་དང་། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ། གསར་དུ་ལས་ཞུགས་ཐུབ་པའི་ལས་བཟོ། གྲོང་ཁྱེར་དུ་གླ་པ་བྱེད་མཁན་ཞིང་འབྲོག་པ། དེ་བཞིན་ཕྱོགས་ནས་ཡོང་བའི་ལས་མི་བཅས་ཀྱང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་སྲུང་ཁྱབ་ཁོངས་སུ་བཅུག་ནས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གྲུབ་འབྲས་མང་ཚོགས་ཚང་མར་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
2024ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་སྣ་ཚོགས་ཁྲི་53.78གསར་དུ་བསྐྲུན་པ(ཉོ་སྒྲུབ་དང་སྒྱུར་བཀོད)དང་། བོགས་གཏོང་སྡོད་ཁང་གི་ཁ་གསབ་སྒོར་དུང་ཕྱུར་6.53སྤྲད་པ་དེས་མི་ཐེངས་ཁྲི་21.93ལ་ཕན་པ་ཐོབ་ཡོད། 2023ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ཀྱི་ད་ཡོད་སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་49.31དང་སྨི་ངོས་གྲུ་41.32སོ་སོར་ཟིན་ཡོད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།
དམངས་འཚོའི་བདེ་རྩའི་རྨང་གཞི་བརྟན་དུ་བཏང་བ།
བོད་ཀྱི་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལག་ལེན་ཁྲོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཁབ་སྐུད་ཕྲ་མོས་དམངས་འཚོའི་འདུན་པ་མངོན་འགྱུར་ཡོང་བའི་མིག་མཐོང་ལག་ཟིན་གྱི་གོས་རྒྱན་ཞིག་བཙེམས་ཡོད།
ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨད་པ་ཤང་དོམ་རྭ་གྲོང་ཚོར་གྲོང་མི་གཡང་སྒྲོལ་དཀར་གྱིས་རང་ཁྱིམ་གྱི་ཆུ་ཀ་ལ་ནས་དྭངས་ཤིང་གཙང་བའི་ཆུ་དོན་པར་ལྟ་བཞིན“སྔོན་ཆད་ཐག་རིང་པོར་ཆུ་གཅུ་བར་འགྲོ་དགོས་པས་དཀའ་ལས་ཆེ་ལ་དགུན་ཁ་གྲང་མོ་ཡོད། ད་ཆ་རྫོང་ནས་དུད་ཚང་མི་རེ་ངོ་རེར་ཆུ་ཀ་ལ་ཁྲིད་ཙང་སྔོན་མ་དང་མི་འདྲ་བར་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད། གཡང་སྒྲོལ་དཀར་གྱི་འཚོ་བའི་འགྱུར་ལྡོག་ནི་བོད་ཀྱི་ཆུ་མཁོ་འདོན་འགན་སྲུང་མ་ལག་ཕྱོགས་ཡོངས་ནས་རིམ་སྤོར་བྱས་པ་ལས་བྱུང་བ་ཞིག་རེད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཆུ་མཁོ་འདོན་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་བརྒྱབ་སྟེ། ལྗོངས་ཡོངས་སུ་ཆུ་མཁོ་འདོན་བཟོ་གྲྭ་96བསྐྲུན་ནས་སྤྱོད་འགོ་བཙུགས་པ་དང་ལྷན་སྦྱར་གྱི་ཆུ་མཁོ་འདོན་སྦུག་དྲའི་རིང་ཚད་ལ་སྤྱི་ལེ་3028.6ཡོད་པ་རེད། རྫོང་གྲོང་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ཉིན་རེར་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་87.71ཟིན་པ་དང་ས་ཁུལ(གྲོང་ཁྱེར)གནས་སའི་གྲོང་ཁྱེར་དང་གྲོང་རྡལ་དུ་ཆུ་མཁོ་འདོན་ཁྱབ་ཚད་95.03%ཟིན་ཡོད།
ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་འབྲོག་པ་ཕུན་ཚོགས་ཀྱིས་རང་ཁྱིམ་གྱི་དྲོད་ཚད་བརྟན་པའི་དྲོད་གཏོང་ཡོ་བྱད་ལ་ལྟ་བཞིན“སྔོན་མ་ལྕི་བར་བརྟེན་ནས་མེ་གཏོང་དགོས་པས་ཁང་པའི་ནང་དུ་བས་ཁེངས་ཀྱི་ཡོད། ད་ལྟ་ཉི་ནུས་དང་གློག་ནུས་གཅིག་ཏུ་འདུས་པའི་དྲོད་གཏོང་མ་ལག་སྒྲིག་སྦྱོར་བྱས་ཡོད་པས། དགུན་ཁ་ཧ་ཅང་དྲོ་པོ་འདུག་ལ་ཕྲུ་གུ་ཁྱིམ་སྦྱོང་འབྲི་སྐབས་ཀྱང་ལག་པ་འཁྱག་པའི་སེམས་ཁྲལ་མི་འདུག”ཅེས་འཛུམ་དམུལ་དམུལ་ངང་བཤད།
2024ལོར་བོད་ཀྱིས་ས་བབ་མཐོ་བའི་ས་ཁུལ་གྱི་དྲོད་གཏོང་རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བས། ས་བབ་སྨི་5000ཡན་གྱི་གྲོང་སྲིད་གློག་དྲ་ཁྱབ་པའི་ཞིང་འབྲོག་པའི་ཁྱིམ་ཚང་723ལ་དྲོད་གཏོང་ཐུབ་པ་བྱུང་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་ས་གནས(གྲོང་ཁྱེར)གནས་ཡུལ་3དང་། རྫོང་གྲོང་32 ཤང་དང་གྲོང་རྡལ་141བཅས་སུ་དྲོད་ལེན་སྒྲིག་ཆས་བསྒར་བ་དང་དྲོད་ཁྱབ་ཚད་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3418ཟིན་ནས་མི་ཁྲི་72ཙམ་ལ་ཕན་པ་ཐོབ་ཡོད།
དེ་མིན་ད་དུང་། བོད་ཀྱིས་གྲོང་སྲིད་འགྲོ་ལམ་དང་། སྡོད་སའི་ཁོར་ཡུག སྐྱེ་ཁམས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ལྗོངས་ཡོངས་ཀྱི་གྲོང་སྲིད་འགྲོ་ལམ་གྱི་རིང་ཚད་སྤྱི་ལེ་3500ཟིན་ནས་རིམ་པ་མང་བའི་ལམ་དྲའི་མ་ལག་གྲུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་290ཡི་ཁུལ་ཆུང་རྙིང་པའི་རྣམ་པ་གསར་རྐྱང་དུ་གྱུར་ནས་མང་ཚོགས་ཁྲི་6.23ལ་ཕན་པ་ཐོབ་པ་དང་། ས་གནས(གྲོང་ཁྱེར)ཁག་གིས་གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་དོང་ལམ་དང་འགྱིག་བལ་གྲོང་ཁྱེར་གྱི་ཆེད་དོན་འཆར་འགོད་བཟོས་ཏེ་གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་དོང་ལམ་བསྐྲུན་པ། ལྗོངས་ཡོངས་ཀྱིས་འཚོ་བའི་བཙོག་ཆུ་གཙང་གསིང་བཟོ་གྲ་106མཉམ་དུ་བསྐྲུན་ནས་ཉིན་རེར་བཙོག་ཆུ་ཏུན་ཁྲི་55.8གཙང་གསིང་བྱེད་པ་དང་འཚོ་བའི་གད་སྙིགས་བསྡུ་འདྲེན་གཙང་སེལ་སྒྲིག་བཀོད་318མཉམ་དུ་བསྐྲུན་ནས་ཉིན་རེར་གད་སྙིགས་ཏུན་5100ལྷག་ཙམ་གཙང་སེལ་བྱེད་པ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་སྔོ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་7583ཟིན་པ་དང་གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་སྤྱི་གླིང་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་17.37ཟིན་པ་སོགས་གནས་འཕྲོད་ལས་འཚམ་གྱི་ས་མཐོའི་རྣམ་པ་གསར་པ་རེ་རེ་བཞིན་གཅིག་རྗེས་གཉིས་མཐུད་ངང་མངོན་བཞིན་ཡོད།
གྲོང་ཁྱེར་དང་གྲོང་གསེབ་མཉམ་སྐྲུན།
གྲོང་སྡེ་དང་གྲོང་རྡལ་ཆུང་ངུ་རྣམ་པ་གསར་རྐྱང་དུ་གྱུར་པ།
བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་དུ་མི་ཁྲི་ཡན་ཟིན་པའི་གྲོང་ཁྱེར་ལྷ་ས་ཁོ་ན་ལས་མེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་10ཡང་ཟིན་གྱི་མེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི་7ལས་ཟིན་གྱི་མེད་པ་དེས་བོད་ཀྱི་མི་འབོར་བསྡོམས་འབོར་གྱི་6%ལས་བཟུང་གི་མེད། གཞིས་རྩེ་དང་ཆབ་མདོ་སོགས་ནི་མི་འདུས་སྡོད་ཉུང་བའི་གྲོང་རྡལ་ཡིན་ལ་རྨང་གཞིའི་སྒྲིག་བཀོད་ཀྱང་རྗེས་ལུས་ཆེན་པོ་ཐེབས་ཡོད།
རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་ཚུན་དུ། བོད་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་ནས་དེང་རབས་ཅན་གྱི་གྲོང་ཁྱེར་གསར་པ་རེ་རེ་བཞིན་གངས་ལྗོངས་ས་མཐོར་འགྱིང་ངེར་ཆགས་ཡོད། ད་ཆ། བོད་དུ་ལྷ་ས་ལྟེ་བར་བྱས་པ་དང་། ས་ཁུལ(གྲོང་ཁྱེར)6གི་ལྟེ་བའི་གྲོང་རྡལ་འདེགས་སྐྱོར་དུ་བྱས་པ། རྫོང་གྲོང་གཞན་དག་རྟེན་སར་བྱས་པའི་མཐའ་མཚམས་དང་། ཡུལ་སྐོར། རིག་གནས། ཐོན་ལས་བཅས་ཀྱི་གྲོང་རྡལ་ཆུང་ངུ་ཁྱད་ཆོས་སུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་ཅིག་གྲུབ་ཡོད།
2024ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་རྫོང་གྲོང་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི་147ཟིན་ནས་རྒྱུན་སྡོད་མི་འབོར་གྲོང་རྡལ་ཅན་དུ་འགྱུར་ཚད་39.68%ཟིན་པ་དང་། བསྐྲུན་ཟིན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་338ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་146ཟིན་གྱི་ཡོད།
ཡངས་ཤིང་རྒྱ་ཆེ་བའི་བོད་ཀྱི་གྲོང་གསེབ་ཏུ་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་མཉམ་དུ་བྱས་པ་ལས་གསོན་ཤུགས་རབ་ཏུ་རྒྱས་བཞིན་ཡོད།
མིག་སྔའི་བར། སྲོལ་རྒྱུན་གྲོང་སྡེ་60ཡི་སྲུང་སྐྱོང་བེད་སྤྱོད་ཀྱི་འཕེལ་རྒྱས་འཆར་འགོད་བཟོས་ཟིན་པ་དང་། གྲོང་སྡེ་30ཡི་གྲངས་འཛིན་རྟེན་མཛོད་ཁང་གིས་མངོན་མིན་རིག་གནས་ཤུལ་བཞག“དྲ་ལམ་དུ་ནམ་ཡང་གནས་པར”བྱས་ཡོད། 2012ལོར་བོད་ཀྱི་གྲོང་སྡེ་80ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ནང་ཚུད་པ་དག་ས་གནས(གྲོང་ཁྱེར)7གྱི་རྫོང་དང་ཆུས་34ལ་ཁྱབ་ཡོད།
མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་བོད་ཀྱི་མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་འཛུཌ་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། མིག་སྔར། བོད་དུ་མཐའ་མཚམས་ས་ཁུལ(གྲོང་ཁྱེར)4དང་རྫོང་གྲོང་དང་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་21མཚམས་ཚིགས་སུ་བྱས་པའི་ལམ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་ཅིག་གྲུབ་པ་དང་། སྨན་གླིང་དང་། ལྷུན་རྩེ། སྤུ་ཧྲེང་། གྲོ་མོ་སོགས་མཐའ་དར་དམངས་ཕྱུག་གི་ཚོད་ལྟའི་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་པ། འགྲམ་དང་། སྐྱིད་གྲོང་། རི་འོག འདྲེན་ཐང་། ལེགས་རྩེ་སོགས་མཐའ་མཚམས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་སྲིད་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད།
གྲོང་ཁྱེར་ནས་གྲོང་གསེབ་བར་དང་བདེ་སྡོད་ལས་དར་ནས་རྣམ་པ་གསར་རྐྱང་དུ་གྱུར་པའི་བར། བྱ་ཐབས་ཚང་མ་ནས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བའི་ཁྱབ་ཁོངས་ཁྲོད་ཀྱི་བོད་ཀྱི་ཆོད་སེམས་བརྟན་པོ་དང་གཡུར་ཟའི་གྲུབ་འབྲས་མངོན་ཡོད། བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་འཕེལ་རྒྱས་གཏོང་བའི་བྱ་ཐབས་གསར་རྐྱང་ལ་བརྟེན་ནས་དམངས་འཚོ་འཕེལ་རྒྱས་གཏོང་བའི་འགྲོ་ལམ་ཐོག་བརྟན་པོའི་ངང་བསྐྱོད་དང་སྐྱོད་མུས་རེད།