སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་དགོས།
ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐད་བླང་བྱ་ཁ་གསལ་བཏོན་ནས་སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་དགོས་ཞེས་ནན་བཤད་གནང་སྟེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་རྒྱུར་ཚན་རིག་དང་མཐུན་པའི་བྱེད་ཐབས་མཁོ་འདོན་དང་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཁ་དན་ཚིག་གནས་ཀྱི་བྱེད་ཐབས་ཤིག་ཡིན་ལ། དུས་རབས་གསར་པར་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་ཀྱང་རེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཞིག་རེད། སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་ཚུན། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་བླང་བྱ་དང་བཀོད་སྒྲིག་གཞིར་བཟུང་། སློབ་སྦྱོང་སློབ་གསོ་གོ་རིམ་ལྡན་པ་དང་ནུས་ལྡན་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ནས་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་བསམ་གཞིག་ལ་ཤུགས་སྣོན་རྒྱག་རྒྱུར་དཔེ་སྟོན་སྐུལ་ཁྲིད་བྱས་པ་དང་། “སྤྱོད་ཚུལ་ལ་བརྟག་དཔྱད”བྱས་ནས་གནད་དོན་གནད་ལ་འཁེལ་པོས་བཙལ་བ་དང་རྩ་བ་གཏིང་ནས་བསྔོགས་པ། མང་ཚོགས་ཀྱི་འབོད་སྒྲར་ལན་ཧུར་ཐག་བསློགས་ནས་འགན་མི་འཁུར་བ་དང་བྱ་བ་མི་སྒྲུབ་པ་དང་། རང་འགན་གཞན་དཀྲི་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་བཅོས་སྒྲིག་བྱས་པ་སོགས་ཀྱི་ལག་ལེན་ལས་ང་ཚོར་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་དགོས་ན། ངེས་པར་དུ་སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་ལས་བྱེད་པ་མི་སྒེར་གྱི་བཤེར་འདོན་དག་ཐེར་དེ་རྩ་འཛུགས་ཀྱི་བཤེར་འདོན་དག་ཐེར་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སློབ་སྦྱོང་གཏིང་ཟབ་དང་། བཤེར་འདོན་ཏན་ཏིག དག་ཐེར་གནད་འཁེལ་བཅས་གང་ཐུབ་ཡོང་བར་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས་ལུགས་བསྟན་ཡོད།
སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར། སྦྱངས་པར་སྤུས་ཚད་ལྡན་དགོས་པའི་ཐད་ཤུགས་སྣོན་རྒྱག་དགོས། སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བར་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་དམ་འཛིན་བྱེད་པ་ནི་རྨང་གཞི་ཡིན། ཟབ་སྦྱོང་མཐིལ་རྟོགས་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་རྒྱུན་མཐུད་སྤྲོས་ཟབ་ཏུ་གཏོང་བ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་སོགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་། གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པར་ཐོབ་པའི་ཕན་འབྲས་དང་ཉམས་མྱོང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱས་ནས་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས་པ་དང་། དངོས་འབྲེལ་སློབ་སྦྱོང་དང་སྦྱོང་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱེད་དགོས། བྱེད་སྟངས་དང་ཐབས་ཤེས་གསར་གཏོད་བྱས་ཏེ་གྱོད་གཞི་དྲངས་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བར་དམ་འཛིན་ཡག་པོ་བྱེད་པ་དང་། སྤྱོད་ངན་ནས་རུལ་སུངས་སུ་གྱུར་པའི་གྱོད་དཔེ་དྲངས་ཏེ་ཉེན་ཟོན་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས་རྒྱུན་ཆད་མེད་པར་ཏང་གཤིས་ལ་ཞུན་བརྡར་དང་ངོས་འཛིན་དང་བསམ་བློའི་གོ་རྟོགས་མཐོ་རུ་བཏང་སྟེ་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར། བཤེར་འདོན་ཤུགས་ཆེན་བྱེད་པར་ཏན་ཏན་ཏིག་ཏིག་ཡོང་བ་བྱེད་དགོས། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་གནད་དོན་གནད་འཁེལ་བཙལ་ན། གཞི་ནས་གནད་དོན་དངོས་སུ་ཐག་གཅོད་བྱེད་ཐུབ། གནད་དོན་འཕྲད་སྐབས། མདུང་རྩེ་འཛུགས་ཁུལ་གཅིག་དང་། ལྗིད་གཡོལ་ཡང་ལེན། ཐ་ན་དྲི་ངན་ས་གཡོགས་བཅས་མི་བྱེད་པར། གནད་དོན་ལ་ཐད་ཀར་གདོང་གཏད་ཕོད་པ་དང་། རང་ཉིད་ལ་དབྱེ་ཞིབ་བྱེད་ཕོད་པ། རང་ཉིད་དང་། འགན་འཁྲི། ལས་ཀ་བཅས་དེའི་ནང་འཇོག་པ། ཚད་གཞི་དང་ཡང་ཡང་བསྡུར་བ། བཤེར་ལྟ་ནན་ཏན་བཅས་བྱེད་དགོས། དེ་དང་ཆབས་ཅིག་སྒྲིག་བཤེར་ལྟ་ཞིབ་དང་། སྐོར་གཟིགས་སྐོར་ཞིབ། ཡིག་འབུལ་ཞུ་བཅར་སོགས་ཀྱི་ཐབས་ལམ་གང་ལེགས་སྤྱད་དེ་གནད་དོན་ལ་ཞིབ་བཤེར་ངོ་མ་དང་གནད་དོན་ངོ་མར་ཞིབ་བཤེར་བྱེད་དགོས། གནད་དོན་བཤེར་འདོན་བྱེད་སྐབས་ཉ་དང་ཉུང་མ་མཉམ་དུ་བསྲེས་མི་རུང་བར་གཙོ་གནད་འབུར་དུ་ཐོན་པར་བྱས་ནས“འགག་རྩའི་ཉུང་ཤས”དང་། འགག་རྩའི་མཚམས་ཚིགས། འགག་རྩའི་ཚོགས་སྤྱི། འགག་རྩའི་གནད་དོན་བཅས་ལ་དམིགས་ཏེ་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་བཤེར་འདོན་བྱེད་དགོས། སྔ་ས་དང་ཆུང་ས་ནས་དམ་འཛིན་དང་རྐྱེན་རྩ་ཆུང་ཟློག་བྱས་ཏེ་ཏང་ཡོན་ལས་བྱེད་པར་ཐོན་པའི་མགོ་འབུས་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ལ་དམིགས་ཏེ་སྔ་ཙམ་ནས་ཤེས་རྟོགས་དང་སྔ་ཙམ་ནས་དྲན་སྐུལ་བཏང་སྟེ་ནོར་འཁྲུལ་ཆུང་ངུ་གནད་དོན་ཆེན་པོར་མི་འགྱུར་བར་བྱེད་དགོས།
སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར། དག་ཐེར་ལ་ཕན་འབྲས་དངོས་ཐོན་པའི་ཐད་བྱ་ཐབས་དངོས་འདོན་དགོས། སློབ་སྦྱོང་ཟབ་མིན་དང་བཤེར་འདོན་ཏན་ཏིག་ཐུབ་མིན་མཐར་གཏུགས་ན་དག་ཐེར་ཡག་པོ་བྱུང་མིན་ལ་ལྟ་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དུས་འགོའི་སློབ་སྦྱོང་རང་དཔྱོད་དང་། བཤེར་འདོན་གཏིང་ཟབ། མང་ཚོགས་ཀྱི་གོང་ཞུ་བཅས་ཀྱི་སྤྱོད་ཚུལ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ནས་གསལ་ཐོ་བཟོ་བ་དང་། ལས་འགན་གསལ་བཟོ། ལས་རིམ་གསལ་འགོད་དང་མྱུར་ཚད་འགན་ལེན་བཅས་བྱས་ཏེ། ལག་ལེན་དངོས་སུ་བསྟར་ནས་གཅིག་སྡུད་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས། སྒོ་འབྱེད་སློབ་གསོ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཞུགས་རྒྱུར་སྣང་ཆེན་བྱེད་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ཤན་འབྱེད་རང་རྟོགས་ངང་དང་ལེན་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་ཀྱིས་མང་ཚོགས་ལ་དེ་བས་ལེགས་པའི་ཕན་པ་འདོགས་པ་དང་བདེ་སྐྱིད་སྐྲུན་ནས་རྒྱུན་ཆད་མེད་པར་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པར་བྱེད་དགོས།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ལོ་ལྔ་དང་ལོ་བཅུ་ཡི་གཏན་འབེབས་ཤིག་མིན་པར་ཡུན་རིང་གོ་ཆོད་པའི་སྒྲིག་ལམ་དམ་ནན་དང་གཏན་འབེབས་ཁ་གསལ་ཞིག་རེད། སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་ཚར་དུས་མེད་པས་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར། སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་ཏེ་བྱས་པའི་རྗེས་དང་དྲུས་པའི་ཤུལ་གྱི་ངར་ཤུགས་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱུན་ཆད་མེད་པར་ཏང་སྲོལ་བཟང་པོ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱེད་པ། སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བཅས་བྱས་ཚེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དེ་བས་ཞུམ་མེད་སྟོབས་ལྡན་གྱི་འགན་སྲུང་ཐུབ་ངེས་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་པའི་གློག་འཕྲིན)