སྤྱོད་ཚུལ་གྱི་གནད་དོན་དེར་དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་གཏོང་མི་རུང་།
ཉིན་ཤས་གོང་། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ལྔ་བརྡ་ཁྱབ་བཏང་སྟེ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཁྲོད་གནས་པའི་ཉམས་ཞན་ལྷུ་ཚིགས་དང་གནད་དོན་མངོན་གསལ་དོད་རིགས་ཕྱོགས་ཡོངས་ནས་གསེད་བཀྲོལ་གྱིས་སློབ་སྦྱོང་དང་། འཚོལ་བཤེར། དག་ཐེར་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས་སློབ་སྦྱོང་ལ་སྤུས་ཚད་ལྡན་པ་དང་། འཚོལ་བཤེར་བྱེད་ཤུགས་ཆེ་བ། དག་ཐེར་གྱི་ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད། ད་ཐེངས་བརྡ་ཁྱབ་བཏང་བའི་དཔེ་མཚོན་གནད་དོན་ལས་མི་རྣམས་ལ་རང་སྐྱོན་རང་བརྟག་ཟབ་མོ་བྱུང་བ་དང་། གནད་དོན་འཚོལ་བཤེར་ཐག་གཅོད་བྱས་པ་ལས་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྙིང་རུས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་ངེས་ཤུགས་དང་སྒྲིག་ཁྲིམས་ལས་འགལ་ཚེ་ངེས་པར་དུ་རྩད་གཅོད་དང་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པའི་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མངོན་ཡོད།
རང་ལྗོངས་འདི་ཉིད་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པ་དེར་འཕེལ་རྒྱས་དོ་མཉམ་མེད་པ་དང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད།
ང་ཚོའི་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་སྔར་བཞིན་སྣང་ཆུང་བྱེད་ཅིང་། “གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས་རླངས་འཁོར་ནང་ནས་ལྟ་བ་དང་ཤེལ་སྒོ་ཕྱེ་ནས་ལྟ་བ”དང་། “ཁས་ལེན་དམ་བཅར་རིམ་པ་བཞིན་མིང་རྟགས་བཀོད་རྗེས་འགན་འཁྲི་གཤམ་འོག་ལ་སྐྱུར་བ”“ཆུ་བྱའི་སྒྲོ་ཆུས་མི་རློན་པ”སོགས་ལྟ་བུའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་སྔར་བཞིན་ཐོན་བཞིན་ཡོད་པ་དང་། སྐྱིད་འདོད་རིང་ལུགས་དང་རྒྱས་སྤྲོས་ཀྱི་སྤྱོད་ཚུལ་རྒྱུན་དུ་ཐོན་བཞིན་ཡོད། ད་ཐེངས་བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱི་གནད་དོན་དེ་དག་ལས“སྤྱོད་ཚུལ་བཞིའི”གནད་དོན་དེ་རང་ལྗོངས་ཀྱི་ས་གནས་དང་སྡེ་ཚན་ཁ་ཤས་སུ་སྔར་བཞིན་རྟག་ཏུ་ཐོན་བཞིན་ཡོད་པ་མཚོན་གྱི་ཡོད་པས། ཐོག་མཐའ་བར་གསུམ་དུ་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་རྣམ་གཡེང་ལྷོད་གཡེང་དང་སེམས་ནུས་གཞན་ལ་འདོན་རིགས་བཀག་འགོག་བྱས་ནས་སྤྱོད་ཚུལ་གྱི་གནད་དོན་དེར་སྐད་ཅིག་ཙམ་ཡང་ལྷོད་གཡེང་མི་འགྲོ་བའི་འགན་ལེན་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་ཚང་མར་སྤྱོད་བཟང་རུལ་རྒོལ་གྱི་འགན་འཁྲི་ཡོད་པས། དེའི་ནང་ཞུགས་མཁན་ཞིག་བྱེད་པ་ལས་ཟུར་ནས་ལྟ་མཁན་ཞིག་བྱེད་མི་རུང་། ཏང་ཡོན་ལས་བྱེད་པ་ཁག་ཅིག་གིས་སྤྱོད་ཚུལ་གྱི་གནད་དོན་ལ་སྣང་བ་མི་གཏོང་བར་ཐ་མག་སྒམ་ཆུང་གཅིག་དང་། ཨ་རག་ཤེལ་དམ་གཅིག ཁ་ལག་ཐེངས་གཅིག ལག་རྟགས་སྣེ་གཅིག་བཅས་ནས་འགོ་བརྩམས་ཏེ་རིམ་བཞིན་ཧམ་པ་ཆེན་པོས་རྒྱུ་ནོར་གཡོ་ལེན་བྱས་ཏེ་སྤྱོད་གཙང་གི་མཐའ་ཚད་རིམ་བཞིན་ཤོར་བ་དང་ཕུགས་བསམ་དང་དད་སེམས་རིམ་བཞིན་ཉམས་ཏེ་མཐར་ཁྲིམས་འགལ་ཉེས་གསོག་གི་དོང་རྙིར་ལྷུང་གི་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ལྟད་མོ་ལྟ་བའི”སེམས་ཁམས་མཐའ་གཅིག་ཏུ་དོར་ཏེ། བརྡ་ཁྱབ་ཀྱི་གྱོད་དཔེའི་ནང་དོན་དང་བསྡུར་ནས་བརྡ་ཁྱབ་ཀྱི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་། གཞན་གྱི་གནས་ཚུལ་ནས་བསླབ་བྱ་ལེན་པ། གྲི་དངོ་ནང་དུ་གཏད་ཕོད་པར་བྱེད་པ། གནད་དོན་འཚོལ་བཤེར་གཏིང་ཟབ་བཅས་བྱས་ཐོག་ཞིབ་ཕྲའི་ལས་ཀའི་ཁྲོད་ནས་སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། རྒྱུན་ལྡན་གྱི་བྱ་སྤྱོད་ཁྲོད་ནས་ཏང་གཤིས་ལ་ལྟ་བ། མང་ཚོགས་ཀྱིས་ཚུར་ལན་སྤྲད་པའི་གནད་དོན་ཁྲོད་ནས་ཧེ་བག་འཚོལ་བ་བཅས་བྱས་ཏེ། མཐའ་ཚད་བརྟན་སྲུང་དང་ཚད་གཞི་མཐོན་པོ་བརྩོན་ལེན་བྱས་ནས་རང་ངོས་ཀྱི་རུལ་འགོག་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
སློབ་སྦྱོང་སློབ་གསོ་སྤེལ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཤིང་། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་གོང་གིས་འོག་ལ་སྣེ་ཁྲིད་དེ“སྣེ་འདྲེན་གྱི་ཕན་ནུས”ཐོན་པར་བྱེད་དགོས། སྣེ་ཁྲིད་དེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ་དང་། གཞི་རིམ་དང་མང་ཚོགས་ཁྲོད་ཟབ་སྐྱོད་བྱེད་པ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་དང་གཞི་རིམ་གྱི་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་མངོན་གསལ་དོད་རིགས་གསལ་པོ་རྟོགས་པ་བཅས་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། སྣེ་ཁྲིད་དེ་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་ནས་གཞུང་ཞེན་རྣམ་དག་ཐུབ་པར་བྱས་ཏེ། རང་ཚུགས་ཟིན་པ་དང་འཇོན་ཐང་ཆེན་པོས་སྤྱོད་ཚུལ་ཧྲིལ་པོ་བསྒྱུར་རྒྱུར་སྐུལ་ཁྲིད་བྱེད་དགོས།