དབུ་ཤོག>ཆེད་སྒྲིག
  • ཏང་གི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དབྱང་དབྱང་།   |     སྤེལ་དུས།  2025-04-16

    མིག་སྔར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏང་ཡོངས་སུ་གཏིང་ཟབ་སྤེལ་བཞིན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན་ཡོད།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་དུས་རབས་གསར་པར་གཏན་འབེབས་བྱས་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གལ་ཆེན་དང་པོ་དེ་ཡིན་ལ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བའི“འཇུག་གཞི་དང་སྐུལ་སློང་བཀའ་རྒྱ”ཞིག་ཀྱང་རེད། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་བཀོད་སྒྲིག་བྱས་པ་དེ་ནི་ཏང་ཡོངས་ལ་སྤྱོད་ཚུལ་འཛུགས་སྐྱོང་ཕྱོགས་ཡོངས་ནས་ནན་པོ་དང་མཐའ་གཅིག་ཏུ་ནན་པོ་བྱེད་པའི་བརྡ་རྟགས་དྲག་པོ་གསལ་སྟོན་བྱས་པ་ཞིག་རེད། དེས་ན་ང་ཚོས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག ཏང་གིས་རང་ངོས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གཞི་རྟེན་གལ་ཆེན་ཞིག བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་བཅས་ཡིན་པ་ང་ཚོས་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས།

    སྤྱོད་ཚུལ་གྱི་གནད་དོན་དེ་ནི་དོན་དངོས་ཐོག་ཏང་གཤིས་ཀྱི་གནད་དོན་རེད། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ནི་ཏང་གཤིས་བརྟན་པོ་དང་ཏང་གི་སྒྲིག་ཁྲིམས་དམ་ནན་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ད་རེས་ཀྱི་སློབ་སྦྱོང་སློབ་གསོ་ཡག་པོ་གཉེར་བར་སློབ་སྦྱོང་སློབ་གསོའི་ལམ་ལུགས་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང《ཏང་གི་སྤྱོད་ཚུལ་འཛུཌ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས》ཇི་མ་ཇི་བཞིན་ཞིབ་ཀློག་བྱས་ཏེ། སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ནང་དོན་རྣམས་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཛིན་གྲྭའི་སློབ་ཚན་གཙོ་བོའི་ནང་འཇུག་པ་དང་། རྒྱུན་གཏན་དང་མཉམ་འདྲེས། རྟག་ཏུ་དམ་འཛིན་བཅས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱ་རྒྱུ་དེ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

    ཡ་མེད་སྒྲིག་འགལ་གྱི་བྱེད་སྤྱོད་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྒྲིག་སྲོལ་ནན་པོར་འགྲན་རྒོལ་དང་བརྙས་བཅོས་བྱེད་པ་ཞིག་དང་། ཆད་གཅོད་ཀྱི་གཙོ་གནད་ཡིན་པར་བརྟེན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཐར་པར་གཏན་ནས་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་ཆོད་སེམས་བརྟན་པོ་དང་བྱ་ཐབས་ནན་པོར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་དང་། སྐོར་གཟིགས་སྐོར་ཞིབ། རྩིས་བཤེར་དང་ནོར་རྩིས་ལྟ་སྐུལ། བརྟག་ཞིབ་དང་ལྟ་བཤེར་ཡིག་འབུལ་ཞུ་བཅར་སོགས་ཀྱི་བྱ་ཐབས་གང་ལེགས་སྤྱད་དེ“སྤྱོད་ཚུལ་བཞིའི”གནད་དོན་གྱི་མངོན་ཚུལ་གསར་པ་དང་འཕེལ་ཕྱོགས་གསར་པར་དམིགས་ནས། གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། གཅིག་སྡུད་བཅོས་སྒྲིག་བྱེད་ཐབས་གཏན་འབེབས་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཉེན་བརྡའི་སློབ་གསོར་ཤུགས་སྣོན་རྒྱག་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ། རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས།

    སྤྱོད་ཚུལ་གྱི་གནད་དོན་ལ་བསྐྱར་ཐོན་རང་བཞིན་དང་ངན་རེངས་རང་བཞིན་ལྡན་པས། ཐེངས་གཅིག་ལ་ཐག་གཅོད་དང་སྡེབ་གཅིག་ལ་ཡོངས་སུ་ཐག་གཅོད་ཐུབ་པ་ཞིག་གཏན་ནས་ཡོང་མི་སྲིད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱེད་པ་ནི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཅིག་ཡིན་པ་དང་། ལམ་ལུགས་འཛུགས་སྐྱོང་ནི་ཕུགས་ཕན་གྱི་ཐབས་ཇུས་ཤིག་རེད། སྤྱོད་ཚུལ་འཛུགས་སྐྱོང་གི་ས་ཁུལ་རང་བཞིན་དང་། ལས་རིགས་རང་བཞིན། དུས་མཚམས་རང་བཞིན་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས། ཡོངས་ཁྱབ་ཏུ་ཐོན་པ་དང་ཡང་སེ་ཐོན་པའི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པར་དམ་འཛིན་གྱིས“སྤྱོད་ཚུལ་བཞིའི”གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ་དེ་སྒྱུར་བཅོས་ཟབ་གཏོང་དང་། ལམ་ལུགས་འཐུས་ཚང་། བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་ཁྲོད་ཁྱབ་པར་བྱས་ཏེ། འབྲེལ་ཡོད་ས་ཁུལ་དང་ཚན་པས་སྐྱོན་ཆ་དུས་ཐོག་ཏུ་སེལ་བར་སྐུལ་འདེད་བཏང་ནས་ཕུགས་ཕན་གྱི་འགན་སྲུང་ཆགས་པར་བྱེད་དགོས།

    ང་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ནས། སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཟམ་མི་ཆད་པར་ཐོབ་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་པར་འགན་ལེན་བརྟན་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།