རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་མགོན་པོ་རྡོ་རྗེས་གསུངས་དོན་མངོན་མིན་ཤུལ་བཞག་གི་རིག་གནས་རྒྱུན་འཛིན་བྱ་རྒྱུ་དུས་རབས་དང་མཐུན་པར་བྱེད་ཀྱི་ཡིན།
“ངས་ན་ནིང་བཏོན་པའི‘མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས་བྱེད་དགོས’ཞེས་པའི་གྲོས་གཞི་དེས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་སྐུལ་འདེད་དང་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད”
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ནག་ཆུ་གྲོང་ཁྱེར་བོད་སྨན་མཐུན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་རྡོ་རྗེས་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་གྱི་ལས་འགན་ལོ་ལྔ་འཁུར་རིང་། ཐོག་མཐའ་བར་གསུམ་དུ་ལས་འགན་བརྟན་པོ་ཁུར་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་གཞོལ་ཏེ་ཐབས་འདོན་ཇུས་འབུལ་བྱས་ནས་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
ད་ཐེངས་ཀྱི་ཚོགས་འདུ་གཉིས་ལ་མགོན་པོ་རྡོ་རྗེས་མངོན་མིན་རིག་གནས་ཤུལ་བཞག་དར་རྒྱས་གོང་འཕེལ་ཇི་ལྟར་གཏོང་བའི་ཐད“ཁྱིམ་རྒྱུད་བོད་ལུགས་གསོ་རིག་སྨན་པར་དམིགས་བསལ་གྱི་སྨན་བཅོས་ཐོབ་ཐང་ལག་ཁྱེར་དང་གོ་མིང་སྤྲོད་རྒྱུའི་སྐོར”གྱི་གྲོས་འགོ་བཏོན་ཡོད། ཁོང་གིས། བོད་ཀྱི་གསོ་བ་རིག་པའི་ཁྱབ་ཁོངས་སུ་ནག་ཆུ་གྲོང་ཁྱེར་ལ་རྫོང་རིམ་པ་དང་གྲོང་ཁྱེར་རིམ་པ་ནས་རང་སྐྱོང་ལྗོངས་རིམ་པའི་བར་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་ཡོད་ན་ཡང་། དམངས་ཁྲོད་ཀྱི་ཁྱིམ་རྒྱུད་ཀྱི་བོད་ལུགས་གསོ་རིག་རྒྱུན་འཛིན་པར་ལག་རྩལ་གྱི་རྒྱུན་ཆད་པ་དང་། བརྒྱུད་སྤེལ་བྱེད་ཤུགས་ཞན་པ། གཞི་ཁྱོན་ཆུང་བ། ལས་ཞུགས་ཀྱི་སྐུལ་ཁྲིད་ནུས་པར་ཚད་བཀག་ལྡན་པ་སོགས་ཀྱི་གནད་དོན་ཡོད་ལུགས་ངོ་སྤྲོད་གནང་ཞིང་། མགོན་པོ་རྡོ་རྗེས“ད་རེས་ཀྱི་གྲོས་གཞི་དེས་གནད་དོན་འདི་དག་ལེགས་སུ་སོང་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ཏེ། གྲོང་གསེབ་འཕེལ་རྒྱས་ཡོང་བར་ཁ་ཡོད་ལག་ཡོད་ཀྱི་དཔལ་འབྱོར་གྱི་ཕན་འབྲས་ཐོན་རྒྱུའི་རེ་བ་ཡོད། གོམ་སྟབས་རྗེས་མར་ངས་མུ་མཐུད་དེ་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་མདུན་སྐྱོད་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་གསུངས།