རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བསྟན་འཛིན་ནོར་བུས་གསུངས་དོན།
གྲངས་འཛིན་ཅན་གྱི་ནུས་པར་བརྟེན་ནས་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་གི་ཡིན།
འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བསྟན་འཛིན་ནོར་བུ་ཡིན་པ།
“ད་ལོ་ངས་མུ་མཐུད་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བླ་ན་མེད་པའི་འགན་འཁྲི་ལག་ལེན་བསྟར་ནས་སྤུས་ཚད་སྔར་ལས་མཐོ་བའི་གྲོས་གཞི་དང་གྲོས་འགོ་ཧུར་ཐག་བཏོན་ཏེ་རང་ལྗོངས་ཀྱི་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་བསྟན་འཛིན་ནོར་བུས་རང་ཉིད་ཀྱི་འགན་སྒྲུབ་གཏམ་རྒྱུད་མཉམ་སྤྱོད་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གནང་བ་ནས་བཟུང་བསྟན་འཛིན་ནོར་བུས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དང་ལྟ་འདོམས་སོགས་ཀྱི་ལས་དོན་ཁག་ལ་ཧུར་ཐག་ཞུགས་པ་དང་། འབྲེལ་ཡོད་ཁེ་ལས་ལ་ཕེབས་ནས་བརྟག་ཞིབ་གནང་བ་དང་བཞུགས་མོལ་ཚོགས་འདུར་ཞུགས་ནས་ལྷ་སའི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། “ན་ནིང་ངས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཁེ་ལས་ཀྱི་དྲང་གཞག་འགྲན་རྩོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་བཏོན་པ་དག་དང་ལེན་གནང་སོང་། དེ་ནི་ངས་བྱས་པའི་ལས་ཀར་ཁས་ལེན་གནང་བ་ཞིག་ཡིན་པ་སྨོས་མེད་རེད”ཅེས་བསྟན་འཛིན་ནོར་བུས་གསུངས།
“ད་ལོའི་ཚོགས་འདུ་གཉིས་རིང་ངས་བཏོན་པའི་གྲོས་འགོ་ནི་བོད་རྒྱའི་འབབ་བཟོའི་གྲངས་གཞི་དང་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་འཛུགས་པ་དང་། མ་དངུལ་གྱི་རྒྱབ་སྐྱོར། སྲིད་ཇུས་ཀྱི་རྒྱབ་སྐྱོར་བཅས་བརྒྱུད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་མི་རིགས་སྐད་ཡིག་གྲངས་འཛིན་ཅན་དང་། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། རང་ལྗོངས་ཀྱི་རིག་གནས་སྲུང་སྐྱོང་དང་མི་རིགས་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་ཀྱི་ཡིན་ཞེས་བསྟན་འཛིན་ནོར་བུས་གསུངས།
“མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་འཁྲི་ལྕི་པོ་ཡོད་པས། འགན་འཁྲི་དེ་སེམས་སུ་བཞག་པ་དང་ཕྲག་ཐོག་ཏུ་ཁུར་ནས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱས་ན་ད་གཟོད་བླ་ན་མེད་པའི་འགན་འཁྲི་དེར་ངོ་གནོང་མི་དགོས་པ་ཞིག་ཡོད། སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས་འཐུས་མིའི་འདུ་ཤེས་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་འཁུར་སེམས་སྔར་བས་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ་དང་། དོན་དངོས་ལ་ཕྱོགས་པ་དང་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ཀྱི་འབོད་སྒྲ་དང་གྲོས་འགོ་ནན་ཏན་གྱིས་ཉན་ཏེ། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་བ་བྱེད་པའི་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་ཀྱི་ཡིན་ཞེས་བསྟན་འཛིན་ནོར་བུས་གསུངས་པ་རེད།