གཞིས་རྩེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ཀྱི་ཡིན།
——རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ། རྒྱུན་ལས་ཧྲི་ཀྲང་གཞོན་པ་བཅས་ཡིན་པའི་པ་སངས་ལ་བཅར་འདྲི་ཞུས་པ།
འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ། རྒྱུན་ལས་ཧྲི་ཀྲང་གཞོན་པ་པ་སངས་ཡིན་པ།
ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ། རྒྱུན་ལས་ཧྲི་ཀྲང་གཞོན་པ་པ་སངས་ཀྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་ནས། གཞིས་རྩེ་གྲོང་ཁྱེར་གྱིས་2024ལོར“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པའི་ཐད་ཐོབ་པའི་ཕན་འབྲས་དང་། གོམ་སྟབས་རྗེས་མའི་ལས་ཀའི་འཆར་འགོད་དང་ཡོམ་འགོག་གེགས་སེལ་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་བཅས་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད། པ་སངས་ཀྱིས། གཞིས་རྩེ་གྲོང་ཁྱེར་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད། གྲོང་ཁྱེར་ཡོངས་ཀྱི་ཆུ་ཚད་མཐོ་བའི་སྒོ་དབྱེའི་ཐད་གོམ་སྟབས་བརྟན་པོ་སྤོས་ནས་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་61ཟིན་ནས12.5%འཕར་བ་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱས་པར་ཟོག་ཐང་སྒོར་དུང་ཕྱུར་14.6ཟིན་ནས་ལྡབ་གཅིག་འཕར་ཡོད། གཞིས་རྩེར་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་། ཕྱིར་གཏོང་དངོས་ཟོག་ལྟ་བཤེར་བྱ་ཡུལ་གྱི་སྒོ་ཁྲལ་སྡོམ་པ་ཕྱེ་བས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་བདེ་བླག་ངང་ཤར་གཏོང་ཐུབ་ནས“སྒོ་ཁྲལ་སྙན་ཞུ་ཐེངས་གཅིག་བྱས་ན་འགག་སྒོ་ནས་ཐད་གཏོང་ཐུབ་པ”མངོན་འགྱུར་བྱུང་ཡོད། གཞན་ཡང་། གྲོང་ཁྱེར་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་22.2%འཕར་བ་དང་། ཞིང་ནགས་འབྲོག་ཉ་བཅས་ཀྱི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་15%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་17%འཕར་བ། སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་ཐེངས་20%འཕར་བ། ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་1.2མང་དུ་ཕྱིན་པ། ས་མཐོའི་མཛེས་མཐུན་དཔེ་སྟོན་གྲོང་ཚོ་61བསྐྲུན་པ། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་7.2%དང་8.8%འཕར་ནས་འཕར་ཚད་ཚང་མ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ཅེས་གསུངས།
པ་སངས་ཀྱིས། “མིག་སྔར། ང་ཚོས་སླར་གསོ་བསྐྱར་སྐྲུན་ལས་དོན་མགྱོགས་མྱུར་སྤེལ་བ་དང་ཆབས་ཅིག བསྐྱར་སྐྲུན་འཆར་འགོད་བྱེད་བཞིན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། རྒྱལ་ཁབ་པུའུ་ཨུད་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཀྱི་འོག་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད”ཅེས་གསུངས།