འགན་འཁྲི་གཙང་འཁུར་ལས་འགན་ལེགས་པར་བསྒྲུབས། ཁྲིམས་འཛུགས་དམངས་ཆེད་འཕེལ་རྒྱས་དོན་གཉེར་བྱེད།
—— རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་གནང་བ།
“མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ནང་ཕྱོགས་སྡོམ་བྱས་པའི་གྲུབ་འབྲས་དྲང་གཞག་དོན་དངོས་ཡིན་པ་དང་ལས་ཀའི་བཀོད་སྒྲིག་ཁ་གསལ་ཞིང་། ཆབ་སྲིད་ཀྱི་མཐོ་ཚད་ལྡན་པ་མ་ཟད། དམངས་འཚོའི་ནང་དོན་ཡང་ཧ་ཅང་མང་པོ་འདུག” ཟླ་1ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་སྐབས་རིམ་བྱུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་གཞིགས་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ། གསར་གཏོད་རང་བཞིན་གྱི་སྒོ་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་བ་བཅས་བྱས་ཏེ། རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པའི་ངོས་འཛིན་གནང་བ་རེད།
མཛོ་སྒང་རྫོང་ནི་ཀའོ་ལི་ཀུང་ཧྲན་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་ཤིག་ཡིན་པ་དང་། གསར་གཏོད་ཁུལ་དུ་ཤང་དང་གྲོང་རྡལ་3ཡོད་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་བཅས་ཡིན་པའི་སྐལ་བཟང་གིས“མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ནང‘ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་བཟང་པོར་སྐུལ་འདེད་གཏོང་དགོས’ཞེས་བསྟན་ཡོད། 2024ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བོད་ཀྱི་ཁྱད་ཆོས་ལྡན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་སྲོག་ཆགས་རྩི་ཤིང་དང་རི་ཀླུང་སྲུང་སྐྱོང་ཡག་པོ་བྱས་པས་ང་ཚོས་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ང་ཚོའི་རྫོང་དུ་ཆེད་དོན་སྲུང་སྐྱོང་སྒྲིག་གཞི་བཙུགས་ནས་སྲུང་སྐྱོང་ས་ཁོངས་ཀྱི་དོ་དམ་དང་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་ཏེ་སྐྱེ་ཁམས་ཀྱི་སྤུས་ཚད་དེ་བས་ལེགས་སུ་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་དེ་བས་ཆེ་རུ་འགྲོ་བའི་རེ་བ་ཡོད”ཅེས་གསུངས་པ་རེད།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་དང་འཕེལ་རྒྱས་གཏོང་རྒྱུ་ནི་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་ལ། མི་དམངས་འཐུས་ཚོགས་ལས་དོན་གྱི་གསོན་ཤུགས་རྒྱུན་འཁྱོངས་བྱེད་པའི་འགག་རྩ་ཞིག་ཀྱང་རེད། འདི་ལོའི་ཚོགས་འདུ་གཉིས་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི། དྲུང་ཆེ་བཅས་ཡིན་པའི་བསོད་ནམས་ནོར་བུས་ཕུལ་བའི་གྲོས་གཞི་ནི《“ལོ་ལྔ་ཚན་བཅོ་ལྔ་པའི”རིང“ཤང་དང་གྲོང་རྡལ་གྱི་རིམ་པ་དང་པོའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་ལྟེ་གནས”བསྐྲུན་རྒྱུའི་སྐོར》ཡིན་པ་རེད།
བསོད་ནམས་ནོར་བུས“ནག་ཆུ་གྲོང་ཁྱེར་དུ་ཁྱོན་རིམ་པ་ལྔ་པའི་མི་དམངས་འཐུས་ཚོགས་འཐུས་མི་6877ཡོད་པ་དང་འཐུས་མི་70%ཙམ་ནི་གཞི་རིམ་གྱི་འཐབ་ས་དང་པོ་ནས་ཡིན། སྤྱི་ཚོགས་བཅོས་སྐྱོང་གི་གཞི་རྩའི་སྡེ་ཚན་ཞིག་ཡིན་པའི་ཤང་དང་གྲོང་རྡལ་གྱི་རིམ་པ་དང་པོ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི་གཡུལ་ས་གཙོ་བོ་ཞིག་ཡིན་པས། ཤང་དང་གྲོང་རྡལ་དུ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་ལྟེ་གནས་བཙུགས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གཞི་རིམ་བཅོས་སྐྱོང་ལས་དོན་མཐོ་རུ་གཏོང་རྒྱུ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། དམངས་ཀྱི་བསམ་འཆར་ཉན་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་ཐུབ་པའི་གྲོས་འགོ་འདོན་གྱི་ཡིན”ཞེས་གསུངས་པ་རེད།