དབུ་ཤོག>ཆེད་སྒྲིག>2025བོད་ཀྱི་ཚོཌ་འདུ་གཉིས>ཚོགས་འདུའི་གྲོས་གཞི།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཟླ་བས་གསུངས་དོན།

    དམངས་ཕྱུག་གི་ཐོན་ལས་ལ་དམིགས་ནས་མཛེས་སྡུག་ལྡན་པའི་མཐའ་མཚམས་སྐྲུན་གྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-22

    “རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི‘འདུ་འགོད་ཆེན་པོ་བདུན’ལག་ལེན་ཤུགས་ཆེན་བསྟར་ནས། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད”

    “མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ནས། ཡུལ་བབ་དང་བསྟུན་ཏེ་མཐའ་མཚམས་ཡུལ་སྐོར་དང་། རྒྱལ་སྒྲོལ་ཡུལ་སྐོར། མཐའ་མཚམས་ཚོང་དོན་བཅས་འཕེལ་རྒྱས་བཏང་བ”

    ད་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག མཐའ་དར་དམངས་ཕྱུག་ནི་འཐུས་མི་དང་ཨུ་ཡོན་དང་ལས་བྱེད་པ་དང་མང་ཚོགས་ཚོས་དོ་ཁུར་བྱེད་པའི་མདོ་གནས་ཤིག་རེད། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་ནས་ཡིན་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཟླ་བར་དེའི་ཐད་མྱོང་ཚོར་ཟབ་མོ་ལྡན་ཡོད།

    “ངའི་ཁྱིམ་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་ཁྱུང་གླིང་གྲོང་ཚོར་ཡོད་པ་དང་མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་པས་ལོ་དེ་དག་ནང་འཕོ་འགྱུར་ཆེན་པོ་བྱུང་ཡོད། 2020ལོར་གྲོང་ཚོ་ཡོངས་ཀྱི་དུད་ཚང་56གི་གྲོང་མི་ས་ཆ་དེ་ནས་སྤོས་ཏེ་ཚང་མ་འབྱོར་འབྲིང་སྡོད་ཁང་གསར་རྐྱང་ནང་སྡོད་རྒྱུ་བྱུང་ནས་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། 2024ལོའི་ལོ་མཇུག་ཏུ་ཤང་དང་གྲོང་ཚོར་སྣུམ་ནག་ལམ་ཤར་གཏོང་ཐུབ་ནས་མི་སེར་ཚོའི་འགྲོ་སྐྱོད་ལའང་སྟབས་བདེ་བསྐྲུན་ཡོད”ཅེས་ཕ་ཡུལ་གྱི་འཕེལ་རྒྱས་སྐོར་གླེང་སྐབས་ཟླ་བས་ལོ་དེ་དག་རིང་ཕྱོགས་ཁག་ལ་འཕོ་འགྱུར་ཆེན་པོ་བྱུང་ལུགས་ལྷུག་པོར་གླེང་བ་རེད།

    2024ལོར་ཁྱུང་གླིང་གྲོང་ཚོར་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.2ལྷག་ཙམ་ཟིན་ཞིང་། ལྷོ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རས་འཐག་ཁང་དང་། རྒྱལ་མཚམས་བཟོ་ཚོགས་ས་ཚུགས། བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་རྟེན་གཞི། སྐྱེལ་འདྲེན་རླངས་འཁོར་རུ་ཁག་སོགས་མཉམ་སྡེབ་དཔལ་འབྱོར་གྱི་ཐོན་ལས་ཁག་ལས་མང་ཚོགས་ཚོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་དང་། ཚང་མའི་མཐའ་སྟོབས་མཐའ་བརྟན་གྱི་ཡིད་ཆེས་སྔར་བས་འཕེལ་བ། བདེ་སྡོད་ལས་བརྩོན་གྱི་སྐྱིད་སྣང་ཆེ་རུ་ཕྱིན་ཡོད་པ་རེད།

    ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། 2025ལོར་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་བསྐྲུན་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ། མཐའ་མཚམས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་ནས་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ལུགས་བཏོན་ཡོད། དེས་མི་རྣམས་ལ་སེམས་ཤུགས་ཆེན་པོ་སྐྱེས་བྱུང”ཞེས་ཟླ་བས་ངོ་སྤྲོད་གནང་བ་དང་། ཁོང་གིས་སླད་ཕྱིན་ཕྱོགས་ཁག་གི་སྟོབས་ཤུགས་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ཏེ། གནས་ཡུལ་རོང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཧུར་ཐག་བཏོད་ནས་ཡུལ་སྐོར་སྣེ་ལེན་གྱི་ནུས་པ་ཆེ་རུ་དང་མང་ཚོགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཡུལ་སྐོར་ལས་རིགས་ཡུལ་དེའི་ཀ་རྟེན་ཐོན་ལས་སུ་འགྱུར་བར་བྱས་ཏེ་མང་ཚོགས་ཚོར་ཡུལ་སྐོར་གྱི་ཕན་པ་ཐོབ་པ་དང་མཐའ་དར་དམངས་ཕྱུག་གི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།