དབུ་ཤོག>ཆེད་སྒྲིག>2025བོད་ཀྱི་ཚོཌ་འདུ་གཉིས>ཚོགས་འདུའི་གྲོས་གཞི།
  • གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བྱམས་པ་ཕུན་ཚོགས་ཀྱིས་གསུངས་དོན།

    བྱ་སྤྱོད་དངོས་ལ་བརྟེན་ནས་འགན་འཁྲི་ལག་ལེན་བསྟར་གྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-22

    ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། “མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། སྲིད་དོན་དམངས་ལ་འདྲི་བ་དང་། མཁོ་དགོས་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་མཐའ་འཁྱོངས་བྱས་ནས་མི་སེར་ཚོས་མིག་མཐོང་ལག་ཟིན་དང་ཕན་འབྲས་དངོས་ཐོན་པའི་བྱ་བ་དངོས་དང་བྱ་བཟང་མང་ཙམ་བསྒྲུབས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྔར་བས་མང་བ་ཐོབ་པར་བྱེད་དགོས”ཞེས་བསྟན་ཡོད།

    ད་ཆ། གྲོང་གསེབ་དར་རྒྱས་གཏོང་བའི་བྱ་གཞག་རླབས་པོ་ཆེའི་ཁྲོད་མི་རབས་གསར་པའི་གཞོན་ནུ་ཤེས་ལྡན་པས་གཞི་རིམ་ལ་གཞི་ཚུགས་པ་དང་དུས་རབས་ཀྱིས་དཀྲིས་པའི་འགན་འཁྲི་ལྕི་པོ་ཁུར་ནས་དམངས་དོན་སྒྲུབ་པའི་ལས་ལ་གཞོལ་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་འགྲོ་བར་ལང་ཚོའི་སྟོབས་ཤུགས་ཟམ་མི་ཆད་པར་སྐྱེས་སུ་འབུལ་བཞིན་ཡོད།

    བྱམས་པ་ཕུན་ཚོགས་ཀྱིས་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་ནས་མཐར་ཕྱིན་ཏེ་རང་ཡུལ་ལ་ལས་ཀ་བྱེད་པར་འགྲོ་རྒྱུའི་གདམ་ག་བྱས། 2021ལོ་ནས་ད་བར། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཤེ་སྒེར་ཤང་ནོར་སྡིས་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེས་བསྐོས་ལས་བྱེད་པའི་འགན་འཁུར་བ་དང་། ཤང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཡང་བདམས་ཡོད། 2022ལོར་ནག་ཆུ་གྲོང་ཁྱེར་གྱིས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་མང་ཚོགས་རང་བཞིན་གྱི་བྱེད་སྒོ(གཤམ་དུ“མདུན་སྐྱོད་བྱེད་སྒོ”ཞེས་བསྡུ་རྒྱུ)ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་བསྐོས་ལས་བྱེད་པ་ཞིག་ཡིན་པའི་བྱམས་པ་ཕུན་ཚོགས་འབད་འབུངས་མདུན་སྐྱོད་ཀྱི་བྱེད་སྒོའི་ལས་དོན་ཁྲོད་སེམས་ནུས་ཡོད་རྒུས་ཞུགས་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་གསར་གཏོད་རང་བཞིན་གྱི་བྱེད་སྒོར་ཧུར་ཐག་ཞུགས་ཏེ་ནོར་སྡིས་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ལས་ཀའི་རྣམ་པ་གསར་པ་བཏོད་ཡོད།

    འབྱུང་འགྱུར་ལ་ཕྱོགས་སྐབས། བྱམས་པ་ཕུན་ཚོགས་ཀྱིས“ངས་མུ་མཐུད་ཕ་ཡུལ་གྱི་ས་གཞི་དྲོན་མོ་འདིར་དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་ཚུལ་ཉན་པ་དང་། དམངས་འཚོ་དང་དམངས་དོན་སྒྲུབ་པ། དམངས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བ་བཅས་ཀྱི་བྱ་སྤྱོད་ལ་བརྟེན་ནས་འགན་འཁྲི་ལག་ལེན་བསྟར་གྱི་ཡིན”ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།