སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།
(2025ལོའི་ཟླ་1ཚེས་21ཉིན་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)
སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་འཚོག་རིང་། རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་གྲོས་གཞི་བརྒྱུད་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ་དང་ཆུ་ཚད་མཐོ་བའི་འགན་སྒྲུབ་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུས་ཡོད།
ཚོགས་འདུའི་རིང་ཁྱོན་བསྡོམས་གྲོས་གཞི་ཁག་455འབྱོར་ཞིང་། 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》གཞིར་བཟུང་ཞིབ་བཤེར་ནན་ཏན་བྱས་པ་བརྒྱུད། ཁྱོན་གྲོས་གཞི་ཁག་453སྒྲུབ་ཁོངས་སུ་བཅུག་པ་དང་། གྲོས་གཞི་ཁག་2བསམ་འཆར་དང་གྲོས་འགོར་བསྒྱུར་ཡོད། རིགས་ཁོངས་ཁག་གི་ཨུ་ཡོན་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་གྲོས་གཞི་བཏོན་གནང་ཡོད། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཐད་གྲོས་གཞི་ཁག་94བཏོན་པ་དེས་20.75%བཟུང་བ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཐད་གྲོས་གཞི་ཁག་292བཏོན་པ་དེས་64.46%བཟུང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཐད་གྲོས་གཞི་ཁག་39བཏོན་པ་དེས་8.61%བཟུང་བ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ཐད་གྲོས་གཞི་ཁག་28བཏོན་པ་དེས་6.18%བཟུང་ཡོད།
ད་ཐེངས་ཀྱི་ཚོགས་འདུའི་གྲོས་གཞིར་གཤམ་གསལ་ཁྱད་ཆོས་འགའ་ཡོད་པ་སྟེ། གཅིག་ནི་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཞིང་། གྲོས་གཞི་འདོན་མཁན་གྱིས་ཏང་སྲིད་ཀྱིས་དོ་ཁུར་དང་། སྤྱི་ཚོགས་ཀྱིས་དོ་སྣང་། མང་ཚོགས་ཀྱིས་སེམས་ཁུར་བཅས་བྱེད་པའི་དོན་ཚན་ལ་དམིགས་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་སྤྱི་འདོམས་དོན་འཁྱོལ་གྱིས་ནུས་ལྡན་གྱི་ནང་མཁོ་རྒྱ་སྐྱེད་དང་། སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་ལེགས་གཏོང་འགན་སྲུང་། མཐའ་ཚད་ཀྱི་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་པ། བཅད་ཁ་ཆུང་བའི་བརྗོད་གཞི་འདེམས་པ་དང་། ཟུར་ཚད་མང་བའི་སྒོ་ནས་བརྟག་ཞིབ་བྱས་ཏེ་དངོས་དོན་རང་བཞིན་གྱི་གྲོས་འགོ་བཏོན་ཡོད། གཉིས་ནི་གྲོས་གཞིའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཞིང་། གྲོས་གཞི་འདོན་མཁན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཆེད་ལས་ཀྱི་དགེ་མཚན་དང་། ལེགས་ཆ་གནས་ཡུལ། འཕེལ་རྒྱས་ཀྱི་དགོས་མཁོ་སོགས་གདམ་གཞི་བྱ་རྒྱུར་གཙིགས་ཆེན་བྱེད་པ་དང་། གནས་ཚུལ་ཞུ་བ་དོན་དངོས་དང་མཐུན་པ། དཔེ་མཚོན་བཏོན་པ་ཞིབ་ཚགས་ཡིན་པ། གཞི་གྲངས་དབྱེ་ཞིབ་གནད་ལ་འཁེལ་བ་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་སའི་རང་བཞིན་དང་། རྒྱང་ལྟའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་པས་གྲོས་གཞིའི་སྤུས་ཚད་མཐོ་རུ་བརྟན་པོ་ཕྱིན་ཡོད་པ་དང་། སྒྲུབ་ཁོངས་སུ་འཇོག་ཚད་99.56%བཟུང་ཡོད། གསུམ་ནི་འགན་སྒྲུབ་ཀྱི་འགན་འཁྲིའི་བསམ་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཞིང་། གྲོས་གཞི་འདོན་མཁན་གྱིས་གྲོས་གཞི་བརྒྱུད་ཆེད་དོན་གྲོས་མོལ་ལས་ཁུངས་ཤིག་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ལེགས་ཆའི་ནུས་པ་འདོན་སྤེལ་བྱས་ཐོག བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བླང་བྱ་ལག་བསྟར་དང་འཕེལ་རྒྱས་གཏོང་བ་དང་། བློ་གྲོས་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱེད་པ། གདེང་ཚོད་དང་སྟོབས་ཤུགས་བརྒྱུད་སྤྲོད་བཅས་བྱས་པས་ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་དང་དམངས་ལ་བརྩེ་སེམས་འཆང་ལུགས་མངོན་ཡོད། ཚོགས་འདུའི་ཐོག་ཁྱོན་ཨུ་ཡོན་395ཡིས་གྲོས་གཞི་ཕུལ་བ་དེས་ཨུ་ཡོན་བསྡོམས་འབོར་གྱི་91.65%བཟུང་ཡོད།
ཚོགས་ཆེན་གྲོལ་རྗེས། གྲོས་གཞི་དེ་དག་སྒྲུབ་གཉེར་ཚན་པར་སྒྲུབ་གཉེར་བྱ་རྒྱུར་འབུལ་རྒྱུ་ཡིན་ཞིང་། གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་གྲོས་གཞི་སྒྲུབ་གཉེར་ཚན་པ་ཁག་དང་གཞོགས་འདེགས་དམ་ཟབ་བྱས་ནས། སྒྲུབ་སྐུལ་དང་ཞབས་ཞུ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན།