རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ།
ཚེས་21ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་འཐུས་མིས་ཚོགས་ཆུང་ཁག་བགོས་ཀྱིས་གོ་གནས་དགོངས་ཞུའི་རེ་འདུན་དང་ལེན་བྱས་པའི་སྐོར་གྱི་གཏན་འབེབས་འཆར་ཟིན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་འདེམས་བསྐོ་བྱ་ཐབས་ཀྱི་འཆར་ཟིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཞིང་ལས་དང་གྲོང་གསེབ་དང་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འོས་མིའི་བརྡས་ཐག་གཅོད་ཐབས་ཀྱི་འཆར་ཟིན་བཅས་ལ་གྲོས་ཞིབ་དང་། འོས་མིའི་མཚན་ཐོའི་འཆར་ཟིན་ཁག་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཞིང་ལས་དང་གྲོང་གསེབ་དང་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འོས་མིའི་མཚན་ཐོའི་འཆར་ཟིན་ལ་ནང་མོལ། འདེམས་ཤོག་ལྟ་ཞིབ་པ་འདེམས་པ། གྲོས་ཆོད་འཆར་ཟིན་ཁག་ལ་གྲོས་ཞིབ་བཅས་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་ཟླ་བ་ཚེ་རིང་གིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་སོ་སོར་ཞུགས་པ་རེད།
འཐུས་མི་ཚོས། ཚོགས་ཆེན་གྱིས་འཐུས་མིའི་བསམ་འཆར་དང་གྲོས་འགོ་གང་ལེགས་ཉན་ཏེ་འདེམས་བསྐོ་བྱ་ཐབས་ཀྱི་འཆར་ཟིན་དང་། བརྡས་ཐག་གཅོད་ཐབས་ཀྱི་འཆར་ཟིན། འོས་མིའི་མཚན་ཐོའི་འཆར་ཟིན་ཁག གྲོས་ཆོད་ཀྱི་འཆར་ཟིན་ཁག་སོགས་ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་བས། འཐུས་མིའི་སེམས་གཏམ་མཚོན་ལ་མི་དམངས་ཀྱི་རེ་སྒུག་དང་ཡང་མཐུན་པའི་ངོས་འཛིན་གནང་བ་རེད།
འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱེད་སྐབས། འཐུས་མི་ཚོས། སྙན་སྒྲོན་དེ་གཉིས་ཀྱི་བརྗོད་དོན་དང་བསམ་ཕྱོགས་ཁ་གསལ་བ་དང་། ཀྲུང་དབྱང་གི་བླང་བྱ་དང་བོད་ཀྱི་དོན་དངོས་དང་མཐུན་ཡོད་ཅེས་གསུངས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱེད་སྐབས། འཐུས་མི་ཚོས། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ཧྲིལ་པོར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཁྱབ་པ་དང་། དངོས་ཐོག་བདེན་འཚོལ་གྱིས་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ། དམིགས་ཚད་འཆར་འགོད་ཐད་བརྟན་ཐོག་ཡར་འཕེལ་ཡོང་བ་བྱས་པ། ལས་དོན་བཀོད་སྒྲིག་ཐད་དམིགས་སའི་རང་བཞིན་ཆེན་པོ་ལྡན་ཡོད། རང་སྐྱོང་ལྗོངས“ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ཧྲིལ་པོར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱབ་པ་མ་ཟད། ནང་དོན་ཕུན་སུམ་ཚོགས་པ་དང་། གྲངས་གཞི་ཞིབ་ཅིང་ཕྲ་བ། བཀྲག་མདངས་འཚེར་ས་མང་བ་བཅས་ཡོད་པའི་ངོས་འཛིན་གནང་བ་རེད།