དབང་ཧའེ་ཀྲོའུ་དང་། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ལ་ཁག་སོ་སོར་ཞུགས་པ།
ཚོགས་འདུ་གཉིས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དབང་ཧའེ་ཀྲོའུ་དང་། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་འབྲེལ་ཡོད་འཐུས་མི་ཚོགས་པར་ཁག་སོ་སོར་ཞུགས་ནས་འཐུས་མི་ཚོ་དང་ལྷན་དུ་གྲོས་ཞིབ་གནང་བ་རེད།
དབང་ཧའེ་ཀྲོའུ་མངའ་རིས་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གསུངས་དོན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་མདོར་བསྡུས་ཤིང་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། གཙོ་གནད་འབུར་དུ་ཐོན་པ་བཅས་ཡོད་པས་ང་རྦད་དེ་མོས་མཐུན་ཡོད། 2024ལོར་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་སྲིད་གཞུང་གི་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་ཅིང་བཀྲག་མདངས་འཚེར་ས་མང་བ་དང་། སྤྱི་པའི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་པ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ཁག་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་རྒྱུན་འཁྱོངས་ཐུབ་ཡོད། ན་ནིང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མངའ་རིས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལའང་ཡར་རྒྱས་ཆེན་པོ་བྱུང་ཡོད། འདི་ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཀོད་སྒྲིག་བྱེད་པའི་ལོ་ཞིག་ཀྱང་ཡིན་པས། ད་ལོའི་ལས་དོན་ལེགས་པར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད།
ལའེ་ཅའོ་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གསུངས་དོན། 2024ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་ཏན་ཏིག་བསྒྲུབས་པ་དང་། ལྟ་སྐུལ་ལས་དོན་གྱི་ཕན་འབྲས་ལེགས་པ། འཐུས་མིའི་ནུས་པ་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད། ཁྲིམས་ཁང་གི་གཏུག་བཤེར་མ་བྱས་གོང་གི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་ཐབས་ནུས་ལྡན་དང་ཡུན་རིང་ལག་བསྟར་བྱེད་མཇུག་འགྲིལ་མེད་པའི་གྱོད་གཞི་གཙང་བཤེར་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་ཁག་རྒྱུན་མཐུད་བཏོད་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དྲང་གཞག་ཁྲིམས་འཛིན་གྱི་ཁྲིམས་སྐྱོང་སྙིང་སྟོབས། མི་དམངས་གོང་དུ་བཀུར་བ་དང་དམངས་ཆེད་ལས་འགན་སྒྲུབ་པའི་དམིགས་ཡུལ་གྱི་འདུ་ཤེས། དམ་པ་དོན་གཉེར་དང་སྒྱུར་བཅོས་གསར་གཏོད་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་ཡོད།
རེན་ཝེ་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གསུངས་དོན། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པ”མཇུག་བསྡུའི་ལོ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པས། ང་ཚོས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་གཞིགས་ནས་དམིགས་ཚད་སྒྲུབ་ཐུབ་པ་དང་འགན་འཁྲི་བརྟན་པོ་འཁུར་ཏེ་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ལ་སྣང་ཆེན་བྱས་ཏེ་ས་ཁོངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་ས་བབ་ཀྱི་ལེགས་ཆ་སོགས་ལ་བརྟེན་ནས་ཤུགས་རྐྱེན་དང་ཕན་འབྲས་བརྟན་པོ་ཡོད་པའི་དམངས་ཕྱུག་འབབ་འཕར་གྱི་ཐོན་ལས་ཁག་གཅིག་གཏོད་པ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ཡག་པོ་བྱས་ཏེ་བདེ་འཇགས་འགན་འཁྲི་ཆེས་རྨང་གཞིའི་ཚན་པ་དང་གཞི་རིམ་དུ་དོན་འཁྱོལ་བྱེད་པ་དང་གནོད་འཚེ་འགོག་པའི་སྤྱི་ཚོགས་ཡོངས་ཀྱི་ཕྱོགས་བསྡུས་སྔོན་འགོག་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་པོའི་ངང་ལེགས་སུ་འགྲོ་རྒྱུའི་འགན་ལེན་བཅས་བྱེད་དགོས།
ཤའོ་ཡིའུ་ཚའེ་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གསུངས་དོན། 2025ལོར་ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་དེ་བཞིན་ད་ཐེངས་ཀྱི་ཚོགས་འདུ་གཉིས་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ“ལས་དོན་ཁག་ལྔར”གཙོ་གནད་ཐོག་དམ་འཛིན་དང“བྱ་སྤྱོད་ཆེན་པོ་བརྒྱད”ལག་བསྟར་ཤུགས་ཆེན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་དང་། གྲོང་ཁྱེར་ཡོངས་ཀྱི་ནུས་ཤུགས་གང་ཡོད་ཀྱིས“GDPདུང་ཕྱུར་སྟོང”གི་དམིགས་ཚད་འགག་སྒྲོལ་བྱེད་པ་དང་གྲོང་ཁྱེར་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཀོད་སྒྲིག་ལས་དོན་ལེགས་སྒྲུབ་ཀྱིས་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་ལེགས་སྐྱེས་འབུལ་དགོས།
ཟླ་བ་ཚེ་རིང་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གསུངས་དོན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དེ་བདེན་པ་བདེན་ཐུབ་ཡིན་པ་དང་དམིགས་ཚད་གཏན་འཁེལ་བྱས་པ་དེ་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པ། ལས་དོན་བཀོད་སྒྲིག་བྱས་པ་དེས་མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ནི་དར་ཆ་མཐོན་པོར་བསྒྲེངས་ནས་མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་སྒྲོན་ཡག་པོ་ཞིག་རེད། ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པ་དང་རྒྱུན་མཐུད་ནུས་ལྡན་གྱིས་ཕྱོགས་ཡོངས་ནས་སྤེལ་བས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེར་བརྟག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་སྤྱི་ཡོངས་འཆར་འགོད་དང་བརྒྱུད་རིམ་ལྡན་པའི་སྐུལ་འདེད་མཐའ་འཁྱོངས་ཀྱིས་བཀོད་སྒྲིག་གི་ཚན་རིག་རང་བཞིན་དང་སྔོན་དཔག་རང་བཞིན་ལ་སྣང་ཆེན་བྱེད་ལ་དོན་འཁྱོལ་གྱི་ཕན་འབྲས་རང་བཞིན་དང་ལག་བསྟར་ནུས་པར་ཡང་སྣང་ཆེན་བྱས་ཏེ་ལས་དོན་ཁག་ལ་སྤྱི་ཡོངས་ནས་སྐུལ་འདེད་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།
བསོད་ནམས་ཉི་མ་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གསུངས་དོན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དེ་བདེན་པ་བདེན་ཐུབ་དང་། གནད་དོན་ལ་དབྱེ་ཞིབ་བྱས་པ་དེ་གནད་སྨིན་དང་ཁ་གསལ། ལས་དོན་བཀོད་སྒྲིག་གི་བསམ་ཕྱོགས་གསལ་བ་བཅས་ཡོད་པས། ཞིབ་ཚགས་དངོས་གཉེར་དང་གཙོ་གནད་འབུར་དུ་ཐོན་པ་དང་། མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་མཐུན་སྒྲིལ་ངར་སྐུལ་གྱི་སྙན་སྒྲོན་ཡག་པོ་ཞིག་རེད། ཁོང་གིས། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི་བོད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལོ་རྒྱུས་ཀྱི་ཁྱད་ཆོས་དང་ལས་འགན་གྱི་བླང་བྱ་གསར་པ་ཁོང་དུ་ཆུད་པ་དང“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག་དང་སེལ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་སྤྱི་ཚོགས་ཁོར་ཡུག་སྐྲུན་པ། མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་རྒྱ་ཁྱབ་ངང་གཅིག་ཏུ་བསྡུ་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས་ཞེས་ནན་བཤད་གནང་ཡོད།
ཅང་ཝུན་ཕེང་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གསུངས་དོན། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་གཏོང་ཏན་ཏིག་ཡོང་བའི་འགན་ལེན་བྱེད་པ་དང་། དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོ་བཙུགས་ནས་འགག་རྩའི་ཉུང་ཤས་དང་གཙོ་གནད་ལས་རིགས་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ་རུལ་སུངས་ཀྱི་གནད་དོན་གཅིག་ཤེས་རྟོགས་ཐུབ་ཚེ་འཕྲལ་མར་ཞིབ་བཤེར་ཐག་གཅོད་དང་། ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མཉམ་བཤེར་མཉམ་བཅོས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་མཐུད་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་པ།“རྣམ་པ་བཞི”གནད་སྨིན་ལག་ལེན་དང་བེད་སྤྱོད་དང་། སྒྲིག་ཁྲིམས་དང་གནས་ལུགས་གཉིས་མཐུད་ཀྱིས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་བྱེད་དགོས།