རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལི་ཞི་ཅུན་གྱིས་གསུངས་དོན།
འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་དགོས།
འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལི་ཞི་ཅུན་ཡིན་པ།
ད་ལོ་ལོ་48ལ་སླེབས་པའི་ལི་ཞི་ཅུན་ནི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་ཤར་གསིང་མ་སྡེ་ཁུལ་ཏང་ཀྲི་པུའི་འཐབ་ཕྱོགས་གཅིག་གྱུར་གྱི་ཨུ་ཡོན་དང་། གྲོང་མི་ཨུ་ལྷན་མི་རིགས་ཆོས་ལུགས་ཀྱི་ཨུ་ཡོན། རིག་སློབ་འཕྲོད་བསྟེན་གྱི་ཨུ་ཡོན་བཅས་ཡིན་ཞིང་། ཁོང་གི་མི་ཚེའི་གཏམ་རྒྱུད་ས་ཁོངས་དང་། མི་རིགས་དང་རིག་གནས་ལས་བརྒལ་ཏེ། མི་རིགས་ཁག་དབར་ཕྱོགས་ཡོངས་ནས་འགྲོ་འོང་དང་། རྒྱ་ཁྱབ་ངང་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
གཞོན་ནུའི་སྐབས་ལི་ཞི་ཅུན་བཟའ་ཟླ་དང་མཉམ་དུ་གྲོ་མོར་གཞིས་ཆགས་རྗེས། གྲོ་མོའི་ཉའི་ཐོན་ལས་གསོ་ཚགས་མཉམ་ལས་ཁང་དུ་ཞུགས་ནས། འགན་སེམས་ཆེ་བ་དང་བརྩོན་ཞིབ་ནན་ཏན་བྱས་པ་བརྒྱུད། གྲོ་མོའི་ཉ་གསོ་ཚགས་བྱེད་པའི་ལག་རྩལ་མགྱོགས་མྱུར་ཁོང་དུ་ཆུད་ཐུབ་པ་བྱུང་ཡོད། དེ་ལྟར་ཁོང་གླ་པ་ཞིག་ནས་གྲོང་མི་ཨུ་ལྷན་གྱི་ཉ་གསོ་ཚགས་མཉམ་ལས་ཁང་གི་གསོ་ཚགས་པ་དང་དོ་དམ་པར་གྱུར་པ་མ་ཟད། ད་དུང་ཞིང་ལས་ཚན་རྩལ་ཆེད་མངགས་པར་བདམས་པ་རེད། ཁོང་གི་སྣེ་ཁྲིད་འོག 2022ལོ་ནས་2024ལོ་བར་མཉམ་ལས་ཁང་གིས་ཁྱོན་བསྡོམས་ཉ་རྒྱ་མ་ཁྲི་3བཙོངས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་94.6བྱུང་ཡོད།
ལས་ཞུགས་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ་དང་ཡུལ་མི་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱ་ཆེད། ལི་ཞི་ཅུན་གྱིས་ཚ་ལ་རྒྱག་ས་ཞིག་བཙུགས་ཏེ། ས་གནས་དེ་གའི་མང་ཚོགས་ལས་ཀར་བསྡུས་ནས་གློག་གི་ཚ་ལ་རྒྱག་སྟངས་བསླབས་པར་སྔ་རྗེས་སུ་མང་ཚོགས་25ལས་ཞུགས་ཐུབ་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་ཐུབ་པ་བྱུང་ཡོད། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་དམངས་འཚོའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་ལི་ཞི་ཅུན་གྱིས་ད་ལོའི་ཚོགས་འདུ་གཉིས་ཀྱི་ཐོག“ཕྱོགས་མི་མཐའ་མཚམས་རྫོང་དུ་གཞིས་ཆགས་པར་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་གྲོས་འགོ”ཁྱེར་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་དྲིལ་བསྒྲགས་པ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་མཁན་གྱི་ལག་ལེན་པ་ཞིག་ཡིན་པའི་ལི་ཞི་ཅུན་ལ“2022ལོའི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ཁོང་གི་ཁྱིམ་ཚང་ལ“2022ལོའི་བོད་རང་སྐྱོང་ལྗོངས་ཀྱི་བཟང་པོ་ལྔའི་ཡ་རབས་ཁྱིམ་ཚང”དང“བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་མཛེས་ཤོས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།