དམངས་འཚོའི་རྒྱུགས་ལན་ལས་མི་སེར་ཚོའི་ཐོབ་སྣང་ཆེན་པོ་མངོན་པ།
2024ལོར་རང་ལྗོངས་ཀྱིས་དམངས་འཚོའི་འགན་ལེན་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་མ་དངུལ་སྒོར་དུང་ཕྱུར་129བཏང་ནས་དམངས་འཚོའི་བྱ་བ་དངོས་21ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་དང་། ལས་ཞུགས་སྔོན་འཇོག་འཐབ་ཇུས་མཐའ་འཁྱོངས་བྱས་ནས་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པ། དམ་ཚགས་རྣམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་རྦད་དེ་ཁྱབ་པ། རིམ་མང་སྤྱི་ཚོགས་འགན་སྲུང་མ་ལག་མགྱོགས་མྱུར་བསྐྲུན་པ་ལ་སོགས་དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་དོན་འཁྱོལ་བྱས་པས། མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་རྒྱུན་མཐུད་ཕྱིན་པ་རེད།
ད་ཕན་ལོ་ཤས་རིང་། འཚོ་བ་སྔར་བས་ལེགས་སུ་ཕྱིན་པ་ཚོར་བའི་ལྷ་སའི་གྲོང་མི་ཆུང་བདག་གིས“ད་ཆ་ང་ཚོའི་ཁྱིམ་གྱི་ཉེ་འགྲམ་དུ་སྒྲིག་ཆས་ཆ་ཚང་བའི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཡོད་པས། ནད་གཞི་ཆུང་ངུ་ཁྱིམ་གྱི་སྒོ་རྩ་ནས་བལྟ་ཐུབ་པ་མ་ཟད། སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་ཆེ་རུ་ཕྱིན་པ་དང་རྩིས་ཞུའི་བསྡུར་ཚད་ཀྱང་མཐོ་རུ་ཕྱིན་ནས་དེ་དག་གིས་ང་ཚོའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་ཤུགས་ཆེན་ཕྱིན་སོང་། ད་ཆ་སྡེ་ཁུལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་ཀྱང་སྔར་བས་འཐུས་སྒོ་ཚང་དུ་སོང་བས་ངའི་རྒན་གསོའི་དངུལ་དུས་ཐོག་ཏུ་ལེན་ཐུབ་པ་དང་དངུལ་གྲངས་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་སོང་བས། ང་ཚོ་མི་སེར་ཚོའི་འབྱུང་འགྱུར་གྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་བརྗོད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡོན་ཀྲང་བསོད་ནམས་ཕན་ཐོགས་ཀྱིས་སེམས་འགུལ་ཐེབས་བཞིན་གསར་འགོད་པར། རྒྱལ་ཁབ་ཀྱིས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། གཞི་རིམ་གྱི་འཕྲོད་བསྟེན་མ་ལག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་སོང་ཡོད། ལྷག་དོན་དུ“དྲ་སྦྲེལ+སྨན་བཅོས་བདེ་ཐང”བརྒྱུད། རྒྱང་བསྟེན་ནད་དཔྱད་དང་དྲ་ཐོག་ནད་བརྟག་སྨན་བཅོས་སོགས་ཀྱི་ཞབས་ཞུ་བྱེད་སྟབས་གསར་པ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤེལ་བས། ཐག་རིང་དུ་ཡོད་པའི་ཤང་དང་གྲོང་རྡལ་གྱི་མང་ཚོགས་ཚོས་ཀྱང་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ཉམས་སུ་མྱོང་ཐུབ་ཡོད། དེས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་ཕྱིན་པ་མ་ཟད། སྤྱི་ཚོགས་ཧྲིལ་པོའི་བདེ་ཐང་གི་ཆུ་ཚད་ཀྱང་སྔར་བས་མཐོ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་མིག་སྒྲོན་གྱིས་གསར་འགོད་པར། 2024ལོར་དཔལ་འབར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བྱིས་པར་དེ་བས་ལེགས་པའི་འཚོ་བའི་ཆ་རྐྱེན་གཏོད་ཆེད་འབད་བརྩོན་བྱས་པ་དང་། ཁོང་ཚོས་རྫོང་ཁྲིམས་འཛིན་ཅུས་དང་། སྤྱི་བདེ་ཅུས། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་སོགས་འབྲེལ་ཡོད་ཚན་པ་དང་མཉམ་དུ་ཉེ་འགྲམ་གྱི་གྱོད་དཔེ་བརྒྱུད“ཁྲིམས་བཞིན་བོད་སྐྱོང་ལས་དོན་གཏིང་ཟབ་སྤེལ། སྐྱེས་མས་གྲོང་ཚོར་བཅའ་ཁྲིམས་ཁྱབ་གདལ་གཏོང”ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད། བུད་མེད་དུས་ཆེན་དང་། སྐྱེད་མའི་དུས་ཆེན། བྱིས་པའི་དུས་ཆེན་སོགས་སུ་ཁྱིམ་ཚང་ཡག་ཤོས་ཀྱི་གཏམ་རྒྱུད་མྱོང་རོལ་ཚོགས་འདུ་དང་བུད་མེད་དུས་ཆེན་གྱི་བཞུགས་མོལ་ཚོགས་འདུ་སོགས་རིགས་ཁག་གི་བྱེད་སྒོ་སྤེལ་ནས་བུད་མེད་དང་བྱིས་པར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད་ཅེས་གསུངས་པ་རེད།
“ཁྱིམ་ཚང་ནང་བུད་མེད་ཀྱིས་གལ་ཆེའི་གནས་བབ་བཟུང་ཡོད། ལོ་གསར་པར་ང་ཚོས་མུ་མཐུད་ངར་ཤུགས་བསྒྲིམས་ནས་དཔལ་འབར་རྫོང་གི་བུད་མེད་དང་བྱིས་པར་དེ་བས་མཛེས་སྡུག་ལྡན་ལ། བདེ་སྐྱིད་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན”ཞེས་མིག་སྒྲོན་གྱིས་གསུངས་པ་རེད།