དབུ་ཤོག>ཆེད་སྒྲིག>2025བོད་ཀྱི་ཚོཌ་འདུ་གཉིས>སྲིད་གཞུང་གི་ལས་དོན་སྙན་སྒྲོན།
  • 2024ལོའི་ལས་དོན་ལ་ཕྱི་མིག་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-20

    2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བའི་འགག་རྩའི་ལོ་ཞིག་རེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་ཞིང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏིང་ཟབ་བཏང་སྟབས། དཔལ་འབྱོར་གྱི་འཕེལ་ཚུལ་དུས་ཚིགས་རེ་རེ་བཞིན་ཇེ་ལེགས་སུ་སོང་བ་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་མ་ཟད། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཇེ་ལེགས་སུ་སོང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་ཐོག་གོམ་སྟབས་བརྟན་པོ་སྤོ་ཐུབ་ཡོད།

    ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.3%དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་19.6% སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་7.2% གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་18.3% དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་15.4% སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་17.1% གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.8%དང་8.3%བཅས་འཕར་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཀ་ཤོར་ཚད་དང་གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་འཕར་ཚད་5%དང་3%ནང་ཚུན་དུ་ཁག་སོ་སོར་ཚོད་འཛིན་ཐུབ་པར་བརྟེན། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱུན་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    གཅིག་ནི་བརྟན་ལྷིང་གི་རྣམ་པ་རྒྱུན་མཐུད་ལེགས་སུ་སོང་བ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ཏེ། ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་དམ་དྲག་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། “7+1”གི་བརྟན་ལྷིང་སྲུང་སྐྱོང་དང་འགོག་ཟོན་བྱེད་ཐབས་ལེགས་སུ་བཏང་བ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་པ། ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ལ་རྒྱུན་རྣམ་ཅན་བཞིན་སྐུལ་འདེད་བཏང་བ། དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་བཅས་བྱས་སྟབས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཏན་ཏིག་བྱས་ནས་མཉམ་སྡེབ་14དང་མི་སྒེར་15ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པ་དང་། གྲོང་ཚོ་གྲོང་ལྷན་དུ་གཞི་རྩའི་ཆར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་ཐུབ་མཁན་གྱི་གཙོ་རྐང་ལས་བྱེད་པ་92.5%ཟིན་ཡོད། “འདུ་ཤེས་གསུམ”གྱི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ངང་རྒྱ་ཆེར་སྤེལ་བ་དང་། ཆོས་ལུགས་བཅོས་སྐྱོང་བྱ་རྒྱུ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་པོ་བཏང་ཡོད། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་སྤེལ་བར་བརྟེན། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད།

    གཉིས་ནི་འཕེལ་རྒྱས་ཀྱི་སྒུལ་ནུས་ཟམ་མི་ཆད་པར་ཇེ་ཆེར་སོང་བ། ལྷ་གཞིས་མྱུར་བགྲོད་གཞུང་ལམ་ཡོངས་ལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། G318ཁྲོན་བོད་ལམ་རྒྱུད་དུ“གློག་གསོག་བར་ཁྱམས”བསྐྲུན་པ། སྒྲིག་ཆས(ཚང་སྒྲིག)ཁྲི་6.5གསར་སྒྱུར་དང་འཛད་སྤྱོད་དངོས་ཟོག་རྙིང་ཚབ་གསར་བརྗེར་བརྟེན་ནས་ཕྱིར་འཚོང་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་19.5ཟིན་པ། ས་ཁོངས་བརྒལ་བའི་གྲང་ཕྲེང་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་ཁག་7བསྐྲུན་པ། གྲོང་གསེབ་ཀྱི་སྦྲག་ལམ་རླངས་འཁོར་ཅན་དུ་འགྱུར་ཚད་100%ཟིན་པ། རྐང་འཁོར་མཐར་ཟད་འགྲན་བསྡུར་དང་། སྐོར་བྲོའི་འགྲན་བསྡུར་ཆེན་པོ། གྲུ་ཤན་འབྲུག་མགོ་ཅན་གྱི་འགྲན་བསྡུར། ཞིམ་ཟས་དུས་ཆེན་སོགས་ཀྱི་ངོ་མཚར་འགྲན་ཚོགས་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ། རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་ཁག་4དང་རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་འདུ་འཛོམས་ཁུལ་2མང་དུ་བཏང་བ་བཅས་བྱས་པ་མ་ཟད། “བདེ་སྐྱིད་ལྡན་པའི་བོད་ལྗོངས། དགའ་སྐྱིད་ལྡན་པའི་འཚོ་བ”ཞེས་པས་འཛད་སྤྱོད་སྒོར་དུང་ཕྱུར་38.4ཐད་ཀར་སྐུལ་ཁྲིད་ཐུབ་ཡོད།

    གསུམ་ནི་མི་མངོན་པའི་སྟོབས་ཤུགས་ཀྱི་ལེགས་ཆ་ཉིན་བཞིན་མངོན་གསལ་དོད་དུ་སོང་བ། ཞིང་འབྲོག་ལས་སྤུས་འབྲས་ལེགས་གཉེར་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་འབྲུ་རིགས་ཐོན་འབོར་ཏུན་ཁྲི་110ལས་བརྒལ་བ་དང་། “ས་གྲོལ་སོན་འདེབས”དང“ས་གྲོལ་རྩྭ་འདེབས”བརྟན་པོའི་ངང་ལག་བསྟར་བྱས་པས་ཐོན་ལས་དང་པོའི་འཕར་ཐང་10%ཡན་འཕར་བ། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ཆེད་དོན་མ་དངུལ་བཙུགས་ནས་དུས་ཐེངས་དང་པོར་སྒོར་དུང་ཕྱུར་50བཀོད་སྒྲིག་བྱས་པ་དང་། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་འཕྲུལ་ཚན་གྱི་གློག་འདོན་ཚད་ཆན་ཝ་ཁྲི་2705ཟིན་པ། ས་མཐོའི་ཐབ་ཆས་ཁྱོན་ཁྲི་112བཙོངས་པ། ལྷ་སའི་རྒྱལ་ཁབ་རིམ་པའི་དྲ་སྦྲེལ་གཙོ་བོའི་ཐད་འབྲེལ་ས་ཚིགས་འཛུགས་འཐུས་ལ་ཆོག་མཆན་ཐོབ་ནས་བསྐྲུན་པ། ས་གནས(གྲོང་ཁྱེར)བདུན་གྱི་གྲངས་གཞི་ཆེན་པོའི་ལྟེ་བའི་སྦྲེལ་ཚིགས་བསྐྲུན་ཟིན་ནས་འཁོར་སྐྱོད་བྱེད་བཞིན་ཡོད། ཚུགས་གནས་དེ་བས་མཐོ་བ་དང་བསམ་རྒྱ་དེ་བས་ཆེ་བའི་སྒོ་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཆར་འགོད་དང་སྐུལ་འདེད་བཏང་བས། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་22%འཕར་བ་དང་། ལོ་ཧྲིལ་པོར་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་ཐེངས་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་སོང་ཁག་སོ་སོར་16%དང་15%འཕར་ཡོད། “སྐལ་བཟང་མེ་ཏོག་བྱ་སྤྱོད”ལག་བསྟར་གཏིང་ཟབ་བྱས་པ་དང་། ཁེ་ལས་ཀྱིས་ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱས་པའི་གཞི་ཁྱོན་སྒོར་དུང་ཕྱུར་255ལས་བརྒལ་ཡོད།

    བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཇེ་བརྟན་ཇེ་ལེགས་སུ་སོང་བ། ཐབས་མང་སྣ་ཚོགས་སྤྱད་དེ་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་བ་དང་། དབུལ་གྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་12.5%ཡན་འཕར་བ། ཞིང་སྐྱོར་ཞིང་དར་གྱི་འགན་གཙང་འགན་ལེན་དང“གནས་ལ་གནས་གཏད”ཀྱི་གྲོང་གསེབ་དར་རྒྱས་དམ་འཛིན་བྱེད་པའི་དཔེ་སྟོན་ལས་ཀའི་ལམ་སྲོལ་བཙུགས་པ། ཞིང་ལས་ཐོན་ལས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་3མང་དུ་བཏང་བ། ས་མཐོའི་མཛེས་མཐུན་ཤང་གྲོང་ཁག་300གསར་སྐྲུན་བྱས་པ། དུད་ཚང་ཁྲི་4.3གྱི་མི་ཕྱུགས་ལོགས་སུ་དབྱེ་བ། དུད་ཚང་ཁྲི་2.4ཡི་གསང་སྤྱོད་ལ་བཟོ་བཅོས་བརྒྱབ་པ། འགྲིམ་འགྲུལ་མ་ལམ་དང་། གྲོག་རོང་ལམ་རྒྱུད། མཐའ་མཚམས་འཐབ་ས་དང་པོའི་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་དང་སྦྲེལ་ཚིགས་གྲོང་ཁྱེར་དང་གྲོང་རྡལ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར་51བཏང་བ། ནུས་རྒྱུ་གཙང་མའི་གཅིག་བསྡུས་དྲོད་འདོན་གྱི་ཚོད་ལྟ་བྱས་པས་ཁེ་ཕན་ཐོབ་མཁན་མང་ཚོགས་ཁྲི་20ལས་བརྒལ་བ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་སྡོད་ཁང་ཁྲི་3.95བརྒྱབ་པ། སྡེ་ཁུལ་རྙིང་གྲས་ཁག་118ལ་བཟོ་བཅོས་བརྒྱབ་པ། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་39%ཡན་ཟིན་པ། “གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱའི”

    ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་དྲ་བ་ཕྱོགས་ཡོངས་ནས་བསྐྲུན་པ་བཅས་བྱས་ཡོད།

    ལྔ་ནི་སྒྱུར་བཅོས་སྒོ་དབྱེ་ཇེ་ཟབ་ཇེ་བརྟན་དུ་སོང་བ། 《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྲོལ་ཡིག》

    འདོན་པར་སྐུལ་འདེད་བཏང་སྟེ“ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་ལོའི”བྱ་སྤྱོད་སྤེལ་བ་དང་། “ལས་ཕྱོད་ཆེན་པོས་བྱ་བ་ཞིག་སྒྲུབ”ཅེས་པའི་གཙོ་གནད་ལས་གཞི་ཁག་13ཚང་མ་དོན་འཁྱོལ་བྱས་པ། སྲིད་དོན་ཞབས་ཞུའི་ལས་དོན་དྲ་ཐོག་ཏུ་སྒྲུབ་ཚད་100%ཟིན་པ། ལོ་འཁོར་མོར་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་674དོན་འཁྱོལ་བྱས་པ། བོད་སྐྱོར་གྱི“གཉིས་འགུགས་གཉིས་འདྲེན”ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཚན་རྩལ་ཐད་མ་དངུལ་ལྡབ་གཅིག་མང་དུ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་ཁག་100ལས་བརྒལ་བ་དང་། མི་སྒེར་171དང་ཚན་རྩལ་གསར་གཏོད་ཚོགས་པ་ཁག་6ཁག་དང་པོའི“ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་གཞིའི་ནང་བདམས་པ། གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ནས་གྲོང་གསེབ་ཀྱི་ས་ཁང་བདག་ཁོངས་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟ་སྤེལ་བ། རང་སྐྱོང་ལྗོངས་ཐད་གཏོགས་རྫོང་དང་། སློབ་གསོའི་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་ལོགས་དབྱེ་སོགས་ནོར་སྲིད་སྒྱུར་བཅོས་ལ་སྐུལ་སྤེལ་བརྟན་པོ་བཏང་བ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་ཀྱིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་དང་མཐོར་གཏོང་བྱ་སྤྱོད་ཀྱི་གཙོ་གནད་ལས་འགན་གཞི་རྩའི་ཆར་ལེགས་གྲུབ་ཟིན་པ། དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་ཆེས་ཆེར་འཕེལ་བ་དང་དམངས་ཁྲོད་ཀྱི་མ་དངུལ་འཇོག་ཚད་52.9%འཕར་བ། སྒྲིག་གཞི་སྒྱུར་བཅོས་བྱས་ནས་འགན་ནུས་ལེགས་འགྱུར་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་ཡོད། ཁྲུང་ཆིང་དང་། སི་ཁྲོན། ཀན་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་དབར་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། ལྷ་སའི་གོང་དཀར་གནམ་ཐང་དེ་རྒྱལ་སྤྱིའི་གནམ་ཐང་ལ་རིམ་པ་སྤར་བ་དང་། གཞིས་རྩེའི(སྐྱིད་གྲོང)སྐམ་ཐོག་མཐའ་མཚམས་འགག་སྒོའི་རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་འཛུགས་འཐུས་ལ་ཆོག་མཆན་ཐོབ་པ། རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཕྱིར་གཏོང་དངོས་ཟོག་གི་ཞིབ་བཤེར་བྱེད་གནས་བསྐྲུན་ཟིན་ནས་འཁོར་སྐྱོད་བྱེད་བཞིན་པ། འགྲམ་གྲོང་རྡལ་སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་ཡོངས་སུ་སྤེལ་འགོ་ཚུགས་པ། སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་ཁག་14བསྐྱར་དུ་སྒོ་མོ་ཕྱེ་ནས་བོད་ཀྱི་ཡུལ་ཟོག་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་ཕྱི་རྒྱལ་དུ་དྲངས་པ་བཅས་བྱས་པས་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་པར་ཕན་འབྲས་བཟང་པོ་ཐོན་ཡོད།

    དྲུག་ནི་དམངས་འཚོ་འགན་སྲུང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ། མ་དངུལ་སྒོར་དུང་ཕྱུར་129བཏང་སྟེ། ནུས་ཤུགས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་21བསྒྲུབས་པ་དང་། ལས་ཞུགས་སྔོན་སྤེལ་གྱི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་ཞུགས་ཚད་95%ཡན་ཟིན་པ་དང་། ཞིང་འབྲོག་པ་ཁྲི་64.8གནས་སྒྱུར་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་ཁྲི་5.1མང་དུ་སོང་བ། ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་མ་བསྡུ་གྲངས་མི་ཁྲི་1ལས་བརྒལ་བ། མཚོ་བོད་ས་མཐོའི་ས་གཤིས་ཐོན་ཁུངས་ཀྱི་ལས་གཞི་ཚོགས་པར“རྒྱལ་ཁབ་ཀྱི་ཕུལ་བྱུང་ལག་རྩལ་ཆེ་མོ་བའི”ཚོགས་པའི་མཚན་སྙན་ཐོབ་པ། “དམིགས་བྱ་ལྔ”དང“བྱ་སྤྱོད་ཁག་བརྒྱད”གཏིང་ཟབ་སྤེལ་ནས་དམ་ཚགས་རྣམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་ཁྱོན་ཡོངས་ལ་ཁྱབ་པ། རྒྱལ་ཡོངས་ཀྱི་མི་རིགས་སྨན་དཔྱད་རྒྱལ་ཁབ་གསོ་རིག་ལྟེ་གནས་ཐོག་མ་འཛུགས་འཐུས་ལ་ཆོག་མཆན་དངོས་སུ་ཐོབ་པ། ཧྥུའུ་ཉུང་བའི་བདེ་ཐང་ཇ་ཏུན་3459སྤྲད་པ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གང་མགྱོགས་བཙུགས་པ། རིགས་འདྲ་མིན་གྱི་རིག་གནས་དམངས་ཕན་བྱེད་སྒོ་ཐེངས་ཁྲི་10ལྷག་ཙམ་སྤེལ་བ། རང་ལྗོངས་ཀྱི་ལུས་རྩལ་པས་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་དང་མི་རིགས་ལུས་རྩལ་འགྲན་ཚོགས་ཐོག་དགའ་འོས་པའི་གཟེངས་རྟགས་82བླངས་པ་བཅས་བྱས་ཡོད།

    བདུན་ནི་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་སོང་བ། 《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་ནན་ཏན་བྱས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བ་དང་། གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་སོགས་ཀྱི་གཙོ་གནད་ལས་གཞིར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ནགས་གསོ་ནགས་སྐྱོང་མུའུ་ཁྲི་106ལེགས་སྒྲུབ་བྱས་པ་དང་། རྩྭ་ཐང་ཉམས་པ་མུའུ་ཁྲི་600ལྷག་ཙམ་སླར་གསོ་བཅོས་སྐྱོང་བྱས་པ། སྒོ་ར་སྔོ་འགྱུར་མུའུ་6000མང་དུ་བཏང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་རིམ་རྩིས་བརྒྱབ་ན་ནགས་བཟོ་སྔོ་འགྱུར་དང་། སོན་འདེབས་ནགས་གསོ། སྲ་བརྟན་མཐོར་གཏོང་བཅས་མུའུ་ཁྲི་70ཙམ་ལེགས་སྒྲུབ་བྱས་པ། “ནགས་དཔོན་ལམ་ལུགས་+ཆུ་དཔོན་ལམ་ལུགས”མཉམ་འགུལ་ལ་སྐུལ་འདེད་བཏང་བ། མཚོ་སྔོན་ཞིང་ཆེན་དང་མཉམ་དུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གདང་ལའི་བྱང་རྒྱུད་ཀྱི་ལས་ཀའི་ལམ་སྲོལ་བཟོས་པ། ཉེན་ཆེའི་འཁྱགས་མཚོར་ཕྱོགས་བསྡུས་ཞིབ་དཔྱད་ཚད་ལེན་དང་ཉེན་ཟོན་སྔོན་བརྡའི་ལས་སྟེགས་བཙུགས་པ། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་རྒྱུན་འཁྱོངས་བྱས་པ། གཙང་པོ་དང་ཆུ་བོ་དང་མཚོ་དང་མཚེའུ་གཙོ་གྲས་ཀྱི་ཆུ་སྤུས་དེ་IIIརིགས་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་བཟང་བ་བྱུང་ཡོད། མིས་བཟོས་ནགས་ཚལ་གྱི་ཐཱན་འདུས་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་དཔེ་སྟོན་རྟེན་གཞི་ཐོག་མ་དེ་བཙུགས་པ་དང་། འབྱུང་འཕྲོད་གློག་ཤུགས་ཉོ་ཚོང་ཐེངས་དང་པོ་བྱས་པ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་གི“ལས་གྲྭ་ཆེན་པོ་བདུན”ལག་བསྟར་ཤུགས་ཆེན་བྱས་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་རྒྱུན་མཐུད་ཇེ་ལེགས་སུ་བཏང་བ། བློ་རིག་མཐའ་སྲུང་འཛུགས་སྐྱོང་ལ་སྐུལ་སྤེལ་ཏན་ཏིག་བཏང་ནས་མཐའ་མཚམས་མི་སེར་གྱི་ཡོང་འབབ་གང་མགྱོགས་འཕར་སྣོན་ཡོང་བ་བཅས་བྱས་ཡོད།

    ལོ་གཅིག་རིང་། ང་ཚོས་ནུས་ཤུགས་ཡོད་རྒུས་རྒྱལ་སྲུང་སྐུལ་སློང་དང་། དམག་དམངས་མཉམ་འདྲེས། གཉིས་བཀུར་མཉམ་སྐྲུན། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་སྲུང་། དེ་བཞིན་གནམ་གཤིས་དང་། ས་ཡོམ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཡར་རྒྱས་གསར་པ་བྱུང་བ་དང་། དེ་བཞིན་བཟོ་ཚོགས་དང་། བུད་མེད་དང་བྱིས་པ། གཞོན་ནུ་ལོ་ཆུང་། དབང་པོ་སྐྱོན་ཅན་སོགས་ཀྱི་བྱ་གཞག་ཁག་ལ་ཡར་རྒྱས་གསར་པ་བྱུང་ཡོད།

    ལོ་གཅིག་རིང་། ང་ཚོས་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཞིང་། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ཡོད་ལ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་ཏན་ཏིག་བཏང་ནས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཁྲིམས་སྲོལ་ཁག་7གྲོས་ཞིབ་བྱ་གཞིར་ཕུལ་བ་དང་། སྲིད་གཞུང་གི་སྒྲིག་སྲོལ་ཁག་12ལ་བཟོ་བཅོས་ཀྱིས་གཏན་ལ་ཕབ་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འཆར་ཁག་246དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཁག་330སྒྲུབ་གཉེར་བྱས་ཡོད། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་བརྟག་དཔྱད་ཞིབ་འཇུག་རབ་ཏུ་དར་བ་དང་། ཚོགས་འདུ་དང་ཡིག་ཆ་མུ་མཐུད་ཉུང་དུ་བཏང་བ། སྲིད་གཞུང་གིས་སྣེ་ཁྲིད་དེ་ཟ་མཁས་འཐུང་མཁས་བྱ་རྒྱུ་རྒྱུན་གཏན་གྱི་གོམས་གཤིས་སུ་གྱུར་བ་བཅས་བྱས་ཡོད།

    2024ལོ་ནི་ཏང་ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་གྱི་གལ་ཆེའི་ཐབས་ཇུས་བཟོ་འདོན་བྱས་ནས་ལོ་30འཁོར་བའི་ལོ་ཞིག་རེད། ལོ་ཡི་30རིང་། ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་གནང་བར་བརྟེན། ཁ་གཏད་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། རྩ་ཆེའི་ཉམས་མྱོང་ཡང་གསོག་འཇོག་ཐུབ་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཤུགས་ཚད་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་སྤྱད་དེ་ཁ་གཏད་བོད་སྐྱོར་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་བཏང་ནས་ཁ་གཏད་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པ་ལྷ་སར་སྐོང་ཚོགས་བྱས་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་པ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དང་ཁ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད།

    འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཕྱི་མིག་བལྟས་ཚེ། ང་ཚོས་འགྲན་སློང་ལ་ཁ་གཏད་གཅོག་པའི་ཁྲོད་རང་འགུལ་གྱིས་བྱས་རྗེས་འཇོག་པ་དང་མདུན་སྐྱོད་ལམ་བུའི་དཀའ་ཚེགས་ཁྲོད་འབད་འབུངས་ཡར་བརྩོན་བྱས་པ་ལས་ཐོབ་པའི་གྲུབ་འབྲས་ནི་ལས་སླ་པོ་ཞིག་གཏན་ནས་མིན། དེ་ཡང་ཆེས་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བར་ཐུག་ཡོད་ཅིང་། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་གནང་བའི་འབྲས་བུ་ཞིག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འབུངས་ཡར་བརྩོན་བྱས་པའི་འབྲས་བུ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།