2025ལོའི་ལས་དོན་བཀོད་སྒྲིག
འདི་ལོའི་སྲིད་གཞུང་གི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་ལས་ཀའི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་སྔར་བས་ཟབ་གཏོང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་པ། གཞི་ཆེའི་སྲིད་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། མ་འཇོག་གི་ཕན་འབྲས་དང་འཛད་སྤྱོད་ཀྱི་དགོས་མཁོ་ཤུགས་ཆེར་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་ཡག་པོ་བཟོ་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བ་བཅས་ལ་བརྟེན་པས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་འདིང་རྒྱུ་དེ་ཡིན།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་7%ཡན་འཕར་བ་བྱས་ནས་8%ཟིན་པ་བྱ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་15%ཡན་འཕར་བ་བྱས་ནས་20%ཟིན་པ་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་དངུལ་འབོར་8%ཡན་འཕར་བ་བྱས་ནས་10%ཟིན་པ་བྱ་རྒྱུ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་16%འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོར་8%དང་10%འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཀ་ཤོར་ཚད་དང་གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་འཕར་ཚད་ཁག་སོ་སོར་5%དང་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུ་བཅས་ཡིན།
ལོ་འཁོར་མོའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་གཙོ་བོ་གཤམ་གསལ་ཕྱོགས་ཁག་ལ་སྟངས་འཛིན་བྱེད་དགོས་པ་སྟེ། གཅིག་ནི་གཙོ་རྐང་ལ་དམིགས་དགོས་པ། དེའང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་ལས་འགན་སྟངས་འཛིན་ནན་པོ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དེ་སྲིད་གཞུང་གི་ལས་ཀའི་བརྒྱུད་རིམ་ཡོངས་དང་ཕྱོགས་ཁག་གི་ཐད་ཁྱབ་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་ནུས་ཤུགས་ཡོད་རྒུས་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ། མི་འབོར་དང་། མི་སེམས། ཤེས་ལྡན་པའི་གནད་དོན་གཅིག་གྱུར་ཐག་གཅོད་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས། གཉིས་ནི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པ། དེའང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་སྟངས་འཛིན་ནན་པོ་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། གཉེར་སྐྱོང་བྱེད་པོ། གཞི་རིམ་བཅོས་སྐྱོང་སོགས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འགག་རྩའི་གནད་དོན་ལ་དམ་པོར་དམིགས་ཏེ། རྩ་བ་བརྟན་ཚུགས་དང་སྤྱི་ཡོངས་དོ་དམ་གྱི་ལས་ཀའི་ཇུས་གཞི་མང་ཙམ་འདིང་བ་དང་། རྨང་གཞི་བརྟན་གཏོང་དང་ཕུགས་ཕན་གྱི་ལས་དོན་མང་ཙམ་སྒྲུབ་པ། ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་བཅས་མ་འོངས་པར་རྒྱང་ལྟ་དང་མིག་སྔར་དོན་གཉེར་བྱེད་དགོས། གསུམ་ནི་ཐོན་ལས་ཀྱིས་སྣེ་ཁྲིད་བྱེད་དགོས་པ། དེའང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ངོ་བོའི་བླང་བྱ་ཞིག་ཡིན་པར་སྟངས་འཛིན་ནན་པོ་བྱས་ཏེ། ཐོན་ལས་དར་རྒྱས་ལ་བརྟེན་ནས་དཔལ་འབྱོར་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་དམངས་ཕྱུག་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་དང་། རྐང་འཛིན་ཐོན་ལས་དང་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་སྟོན་ཕྱོགས་སུ་བྱས་ནས། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་གསར་དར་ཐོན་ལས་སྟོབས་ཆེར་གཏོང་རྒྱུ་སྤྱི་འདོམས་འཆར་འགོད་བྱེད་པ་དང་། བཟོ་ལས་ཅན་དཔེ་གསར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། བཞི་ནི་དམངས་འཚོ་རྩ་བར་འཛིན་དགོས་པ། དེའང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སྟངས་འཛིན་ནན་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ་དང་། སྲིད་དོན་དམངས་ལ་འདྲི་བ་དང་། མཁོ་དགོས་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་མཐའ་འཁྱོངས་བྱེད་པ། མང་ཚོགས་ལ་མིག་མཐོང་ལག་ཟིན་དང་ཕན་འདོགས་ཆེ་བའི་བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཙམ་སྒྲུབ་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་དགོས།
འདི་ལོར། གཤམ་གསལ་ཕྱོགས་དགུའི་ཐད་ཀྱི་ལས་དོན་ཁག་གཙོ་གནད་དུ་ཡག་པོ་སྒྲུབ་དགོས་པ་སྟེ།
(གཅིག)སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ།
མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ། 《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུའི་སྲོལ་ཡིག》ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་གླེང་སྟེགས་སྐབས་གཉིས་པ་གཉེར་རྒྱུ། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་དང་། དེ་བཞིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ། “འཆར་གཞི་གསུམ”ལག་བསྟར་ཤུགས་ཆེ་བྱས་ནས“ས་མཐོའི་སེ་འབྲུ་དམར་པོའི”གྲགས་རྟགས་མཉམ་དུ་གཏོད་རྒྱུ་བཅས་རེད།
ཆོས་ལུགས་ལས་དོན་བཅོས་སྐྱོང་བྱ་རྒྱུ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། “འདུ་ཤེས་གསུམ”གྱི་སློབ་གསོ་རྒྱུན་རྣམ་བཞིན་སྤེལ་རྒྱུ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། ཆོས་ལུགས་ལས་དོན་གྱི་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཁྲིམས་སྲོལ་ལམ་ལུགས་སྒྲོག་འགྲེལ་དང་དྲིལ་བསྒྲགས་ཤུགས་ཆེ་དང་། 《བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་བྱ་ཐབས》དོན་འཁྱོལ། ཁྲིམས་དང་མི་མཐུན་པའི་ཆོས་ལུགས་བྱེད་སྒོ་སྤེལ་བར་ཁྲིམས་ལྟར་བཅོས་སྐྱོང་ཤུགས་ཆེ་བཅས་བྱ་རྒྱུ་རེད།
སྤྱི་ཚོགས་བཅོས་སྐྱོང་གི་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ནག་སེལ་གཤེད་བཅོམ་གྱི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་དྲ་རྒྱའི་སྣང་ཚུལ་ལ་ནུས་པ་རྒྱུན་ཐོན་གྱི་བཅོས་སྐྱོང་ཤུགས་ཆེ་བྱ་རྒྱུ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་དར་སྤེལ་བཏང་ནས་ཉེན་ཁའི་མངོན་མེད་འབྱུང་རྐྱེན་རྩ་བཅོས་དང་། གྲལ་བཤེར་འདུམ་གཅོད། མཉམ་དུ་གྲོས་མོལ་བཅས་བྱེད་པའི་ལྷུ་ཚིགས་གསུམ་དམ་འཛིན་ཡག་པོ་བྱེད་པ། དབྱེ་ཞིབ་ཞིབ་གཅོད་དང་། འགོག་ཟོན་བརྟན་འཁྱོངས། འདུམ་འགྲིག་ཐག་གཅོད་ཀྱི་ནུས་པ་གསུམ་ཤུགས་ཆེར་གཏོང་བ། སྣ་མང་ནུས་ཤུགས་མཉམ་སྤེལ་དང་། ཁག་བགོས་འདུམ་སེལ། འགན་འཁྲི་ལྡོག་བཤེར་གྱི་ལམ་སྲོལ་གསུམ་འཐུས་ཚང་འཛུགས་པ་བཅས་ཀྱི་སྒོ་ནས། འགལ་ཟླ་རྩོད་གཞིའི་རིགས་དུས་ཐོག་ཏུ་ཐག་གཅོད་དང་ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་དུ་འབྲེལ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། བཟའ་བཅའ་དང་སྨན་རྫས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་དང་། གནོད་འཚེ་ཉུང་གཏོང་། རྒུད་སྐྱོབ་བཅས་ལ་དམ་འཛིན་ནན་པོ་བྱས་ཏེ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བདེ་འཇགས་ཞི་མཐུན་ལྡན་པའི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་རྒྱུ་བཅས་རེད།
(གཉིས)ནུས་ཤུགས་ཡོད་རྒུས་སྔོན་དཔག་ཇེ་བརྟན་དང་འཕར་སྣོན་ཇེ་ཆེར་གཏོང་རྒྱུ།
སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དང་བྱ་ཐབས་ཁག་གཅིག་གྱུར་འཆར་འགོད་བྱས་ཏེ། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཕན་ནུས་ཇེ་ཆེར་གཏོང་རྒྱུ་དང་། ནོར་སྲིད་ཀྱི་གཏོང་སྒོ་ཤུགས་ཆེར་གཏོང་བ་དང་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་འགྱུར་གྱིས་དམངས་འཚོར་ཕན་པ་དང་། འཛད་སྤྱོད་ལ་སྐུལ་འདེད། སྙུགས་ཤེད་ཆེར་གཏོང་བཅས་ལ་དེ་བས་སྣང་ཆེན་བྱས་ནས“འགན་སྲུང་གསུམ”གྱི་མཐའ་ཚད་ཏན་ཏིག་བསྲུང་རྒྱུ། བུན་སེལ་གྱི་མང་བསྡུས་ཇུས་གཞི་དོན་འཁྱོལ་བྱས་ནས་ཉེན་ཁ་སྣ་ཚོགས་འགོག་སེལ་བྱ་རྒྱུ། ཡིད་རྟོན་དངུལ་བུན་སྔར་བས་རྒྱ་ཆེར་གཏོང་བ་དང་མ་དངུལ་བསྡུ་རྒྱུག་སྟབས་བདེ་རུ་བཏང་ནས། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རྒྱུག་གཞི་ཁྱོན་དང་བུན་དངུལ་གྱི་འཕར་ཚད་དེ་དཔལ་འབྱོར་གྱི་འཕར་ཚད་དང་ཆ་མཚུངས་པར་འགན་ལེན་བྱ་རྒྱུ། ཡིད་རྟོན་དངུལ་བུན་དང་ཁྲལ་བསྡུ་སོགས་ཀྱི་སྲིད་ཇུས་ཁག་མཉམ་འདུས་བེད་སྤྱོད་གང་ལེགས་བྱས་ཏེ་ས་ཁང་ཐོན་ལས་ཁྲོམ་ར་ཆག་ཆད་བརྟན་འཕར་ཡོང་བ་བྱ་རྒྱུ། རང་སྐྱོང་ལྗོངས་ཀྱི་གཞི་ཆེའི་སྲིད་ཇུས་གཅིག་གྱུར་གྱི་དཔྱད་དཔོག་ལམ་སྲོལ་མགྱོགས་མྱུར་བཙུགས་ཤིང་། སྲིད་ཇུས་ལག་བསྟར་བྱེད་པར་འགོག་རྐྱེན་བཟོ་རིགས་གཙང་སེལ་གྱི་བྱ་སྤྱོད་ནན་ཏན་སྤེལ་ཏེ། མངོན་མེད་ཐེམ་སྒོ་དང་བཀག་རྒྱ་བཟོ་རིགས་མཐའ་གཅིག་ཏུ་སེལ་རྒྱུ་མ་ཟད། སྲིད་ཇུས་བརྟན་འཁྱོངས་ཐོག་ནས་སྔོན་དཔག་ཇེ་བརྟན་དང་དཔལ་འབྱོར་ཇེ་ལེགས་སུ་གཏོང་རྒྱུ་བཅས་རེད།
འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་གཏོང་རྒྱུ། “དྲ་སྦྲེལ+སྲིད་དོན་ཞབས་ཞུ”ལེགས་གཏོད་ཀྱིས་ཁུལ་ཁོངས་དེ་བས་མང་བ་དང་ཁྱབ་ཁོངས་དེ་བས་ཆེ་སར“ལས་ཕྱོད་ཆེ་བའི་དོན་དག་གཅིག”
བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ་དང་། ལྗོངས་ཡོངས་སུ་ཚད་གཞི་གཅིག་གྱུར་དང་། རིམ་མང་ཡོངས་ཁྱབ། ཐབས་མང་མཉམ་སྤྱོད་བཅས་ཀྱི“སྒོ་གཅིག དྲ་གཅིག སྣེ་གཅིག”གི་སྲིད་དོན་ཞབས་ཞུའི་མ་ལག་ཅིག་ཐོག་མར་ཆགས་པ་བྱ་རྒྱུ། གཅིག་གྱུར་ཅན་གྱི་ཁྲོམ་རར་ཞུགས་འཐུས་ལམ་ལུགས་ལག་བསྟར་དང་། “རྒྱལ་ཡོངས་ཀྱི་གསལ་ཐོ་གཅིག”
གི་དོ་དམ་བྱེད་ཐབས་ལག་བསྟར་ནན་པོ་བྱ་རྒྱུ། དམངས་གཉེར་ཁེ་ལས་པ་རྣམས་ཁེ་ལས་དང་འབྲེལ་བའི་སྲིད་ཇུས་བཟོ་འབེབས་ནང་ཐེ་ཞུགས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། དམངས་ཁྲོད་ཀྱི་མ་འཇོག་གསལ་ཐོར་སྐབས་ཐོག་ལེགས་སྒྲིག་བྱས་ནས་དམངས་ཁྲོད་ཀྱི་མ་རྩ་དག“གཙོ་གཉིས”སུ་འཇོག་ཚད་མཐོ་རུ་གཏོང་རྒྱུ། གཙོ་གནད་རྣམ་གྲངས་མཉམ་བཤེར་མཉམ་འགོད་དང་ཆད་རུང་ཞིབ་མཆན་འགོད་ལམ་འཐུས་ཚང་དུ་བཏང་ནས་ས་ཆ་དང་ནུས་ཁུངས་བེད་སྤྱོད་སོགས་ཀྱི་གཙོ་རྒྱུར་མཉམ་དུ་འགན་སྲུང་ཡག་པོ་བྱ་རྒྱུ། མ་བུན་མ་འཇལ་བར་མུ་མཐུད་དངུལ་བུན་གཡར་བའི་སྲིད་ཇུས་ལེགས་སུ་གཏོང་རྒྱུ། གནད་དུ་འཕིགས་པའི་སྒོ་ནས“སྐལ་བཟང་མེ་ཏོག་བྱ་སྤྱོད”སྤེལ་རྒྱུ། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རྒྱུག་བྱེད་པའི་ཁག་ཐེག་མ་ལག་དང་གཞི་གཅིག་ཅན་གྱི་མ་དངུལ་བསྡུ་རྒྱུག་བྱེད་པའི་ཕྱོགས་བསྡུས་ཡིད་རྟོན་ཞབས་ཞུའི་ལས་སྟེགས་འཐུས་ཚང་དུ་གཏོང་རྒྱུ། ཁེ་ལས་ཀྱི་འཁོར་འབྲེལ་ཧྲིལ་པོ་དང་དུས་འཁོར་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུ་ཇེ་ལེགས་སུ་གཏོང་བ་དང་། ཁེ་ལས་ཀྱི་རྩིས་དངུལ་ཆད་འགྱངས་འགོག་སེལ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་བྱེད་ཐབས་ཚད་ལྡན་བཟོ་བ་བཅས་ཀྱི་སྒོ་ནས་རིན་པ་གང་བྱུང་བསྡུ་བ་དང་། ཆད་པ་གང་བྱུང་གཅོད་པ། བགོ་འགྲེམ་གང་བྱུང་བྱེད་པ། ཞིབ་བཤེར་གང་བྱུང་བྱེད་པ། སྒོ་ཐེལ་གང་བྱུང་རྒྱག་པ། དེ་བཞིན་སྲིད་འཛིན་ལས་སྟངས་ཡག་པོ་མེད་པ་བཅས་ལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱ་རྒྱུ། སྤུས་ལེགས་ཀྱི་ཁེ་ལས་འབྲིང་ཆུང་རིམ་གྱིས་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཉེར་སྐྱོང་བྱེད་པོ་རིམ་བཞིན་མང་དུ་འགྲོ་བ་དང་སྤུས་ཚད་རྒྱུན་མཐུད་ཇེ་མཐོར་གཏོང་རྒྱུ་བཅས་རེད།
(གསུམ)མ་འཇོག་དང་འཛད་སྤྱོད་ཀྱི་གཏིང་ཤུགས་རྒྱུན་མཐུད་སྔོག་འདོན་བྱ་རྒྱུ།
རྣམ་གྲངས་གལ་ཆེན་རིགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། “རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པའི་འགག་སྒྲོལ་ལོའི”བྱ་སྤྱོད་སྤེལ་ནས་མ་དངུལ་སྒོར་དུང་ཕྱུར་2000ཡན་འཇོག་ཐུབ་པ་བྱ་རྒྱུ་དང་། G318 G219 G109 དེ་བཞིན་གྲོང་གསེབ་གཞུང་ལམ་སོགས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། བར་རྩེ་སོགས་ཀྱི་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི་ཆེས་མཐོའི་ཐད་རྒྱུག་གློག་གཏོང་ལས་གྲྭ་བསྐྲུན་ནས་འཁོར་སྐྱོད་ཐུབ་པ་བྱ་རྒྱུ། དེ་བཞིན་རང་སྐྱོང་ལྗོངས་སྨན་རྩིས་ཁང་ལེགས་སྒྱུར་རིམ་སྤོར་ལས་གྲྭ་དང་། ཧྭ་ཞི་སྨན་ཁང་གཉིས་པའི་བོད་ལྗོངས་སྨན་ཁང་གི་རྒྱལ་ཁོངས་སྨན་བཅོས་ལྟེ་གནས། བོད་ལྗོངས་སློབ་ཆེན་གྱི་སློབ་གསོའི་གྲོང་ཁུལ་སློབ་གྲྭ། ཕུ་མདོའི་ཆུ་འདྲེན་ལས་གྲྭ། གྲོང་ཁྱེར་ལམ་གཞུང་གི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་གཙོ་གནད་རྣམ་གྲངས་བཅས་གང་ལེགས་སྤེལ་ཏེ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་ཕྱག་རྟགས་འབུལ་རྒྱུ་བཅས་རེད།
འཛད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ། འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཤུགས་ཆེ་སྤེལ་ཏེ། ཡོང་འབབ་དམའ་འབྲིང་གི་མི་ཚོགས་འབབ་འཕར་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་དང་། ངལ་རྩོལ་པའི་གླ་ཆ་རྒྱུན་གཏན་ལྟར་འཕར་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་འཛད་སྤྱོད་བྱེད་ནུས་དང་། བྱེད་འདོད། ཚད་རིམ་བཅས་ཤུགས་ཆེར་གཏོང་རྒྱུ། “བདེ་སྐྱིད་ལྡན་པའི་བོད་ལྗོངས། དགའ་སྐྱིད་ལྡན་པའི་འཚོ་བ”ཞེས་པའི་འཛད་སྤྱོད་སྐུལ་སློང་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ཕྱོགས་ཡོངས་ནས་ཚོང་ཟོག་ཆེ་གྲས་འཛད་སྤྱོད་བྱེད་སེམས་ཤུགས་ཆེར་གཏོང་རྒྱུ། ཕུད་འགྲེམ་དཔལ་འབྱོར་དང་། གླིང་ཁའི་དཔལ་འབྱོར། འཁྲབ་སྟོན་སྒྱུ་རྩལ་དཔལ་འབྱོར་བཅས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། རོལ་རྩེད་ཡུལ་སྐོར་དང་། ལུས་རྩལ་འགྲན་བསྡུར། བྱེས་སྡོད་ལུས་གསོ་སོགས“མཚམས་གྲོལ་འཛད་སྤྱོད”ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། མཚན་མོའི་དཔལ་འབྱོར་གྱི་གནས་རྟགས་དང་འཛད་སྤྱོད་དཔེ་མཚོན་གྱི་ཁྲོམ་ཁུལ་བསྐྲུན་རྒྱུ། བོད་ཀྱི་སྲོལ་རྒྱུན་ལྡན་པའི་རྙིང་ཁུངས་ཁེ་ལས་ཀྱིས་ཚོང་ལས་གསར་གཏོད་བྱེད་པར་ཁྲིད་སྟོན་བྱ་རྒྱུ། ཚོང་ཟོག་འཁོར་རྒྱུག་ཁེ་ལས་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་གྱིས་འགྲིམ་འགྲུལ་ཟོག་སྐྱེལ་མ་གནས་རྒྱུན་མཐུད་དམའ་རུ་གཏོང་རྒྱུ། དྲ་ཐོག་དྲ་ཕྱི་གཉིས་ནས་འཛད་སྤྱོད་བྱེད་པར་མཉམ་ཤུགས་འདོན་རྒྱུ་མཐའ་འཁྱོངས་ཀྱིས་རྫོང་ཁོངས་ཚོང་ལས་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་གོང་འཕེལ་གཏོང་རྒྱུ། མཁོ་སྤྲོད་གཉེར་སྐྱོང་གི་ཞབས་ཞུ་དྲ་རྒྱའི་སྤུས་ཚད་ཇེ་ལེགས་དང་ཁེབས་རྒྱ་ཇེ་ཆེར་གཏོང་རྒྱུ་བཅས་རེད།
(བཞི)ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ།
ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། འཐབ་ཇུས་ལྡན་པའི་གཏེར་འཚོལ་དང་ས་གཤིས་རྩད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་གཏེར་ཁའི་སྤུས་འབྲས་ལེགས་འགྱུར་དང་འབྱུང་འཕྲོད་གཏེར་ཁའི་ཐོན་ལས་འདུས་ཚོགས་གཏོད་རྒྱུ། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་ཁྱབ་བཀོད་ཐོག ལྷ་སའི་མཐོ་གསར་ཁུལ་ལ་བརྟེན་ནས་གྲངས་འཛིན་དཔལ་འབྱོར་གྱི་འདུས་ཁུལ་གཏོད་རྒྱུ། ཐང་ག་དང་། བོད་རུམ། སྤོས་སོགས་ཁྱད་ལྡན་ཐོན་རྫས་གཙོ་བོར་བྱས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་འདུས་ཁུལ་གཏོད་རྒྱུ། ས་མཐོའི་ཐབ་ཆས་སོགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཡང་བའི་བཟོ་ལས་ཀྱི་ཐོན་རྫས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། སྤྱི་སྤྱོད་གནམ་ཐང་འཛུགས་སྐྲུན་ཧུར་ཐག་གིས་དམའ་དབྱིངས་དཔལ་འབྱོར་གོང་འཕེལ་ཇེ་ལེགས་སུ་གཏོང་རྒྱུ། ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་སྐྱོང་སྤེལ་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ཏེ། རིག་གནས་ཐོན་ལས་གླིང་ཁུལ་དང་མངོན་མིན་རིག་གནས་ཤུལ་བཞག་ལས་ཁང་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་རྒྱུ། ལྗོངས་ཁུལ་རྩེ་གྲས་དང་། རིག་གནས་ཡུལ་སྐོར་གྱི་ཁྱམས་རིང་། ཡུལ་སྐོར་གྲགས་ཅན་རྫོང་བཅས་ཁག་གཅིག་གཏོད་རྒྱུ། ཡུལ་སྐོར་དེ་ལུས་རྩལ་དང་། ཞིང་ལས། འགྲིམ་འགྲུལ། ཚོང་ལས་སོགས་ཀྱི་ཁྱབ་ཁོངས་དང་མཉམ་འདྲེས་ཟབ་མོ་ཡོང་བ་བྱ་རྒྱུ། “ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། ནོར་བུ་གླིང་ཁ”བཅས་འཛམ་གླིང་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་འཛུགས་གཏོད་བྱ་རྒྱུ། ཡུལ་སྐོར་ཁྲོམ་རའི་སྒྲིག་སྲོལ་སྔར་བས་ཚད་ལྡན་བཟོ་རྒྱུ། ཞིང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་འཛུགས་རྒྱུའི་ཚོད་ལྟ་སྤེལ་ཏེ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་10%ཡན་འཕར་བ་བྱ་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་གསར་སྤེལ་བྱེད་པའི་ལས་སྟེགས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ། “སྨན་སློབ་ཞིབ་ཐོན”བཞི་མཉམ་དུ་གོང་འཕེལ་གཏོང་རྒྱུ་དང་བོད་སྨན་གྱི་ཚད་གཞི་གཏན་འཁེལ་བཟོ་རྒྱུ། མཐའ་ཚོང་ཟོག་འགྲུལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཨེ་ཤེ་ཡ་ལྷོ་མའི་མེ་འཁོར་རྒྱུན་རྣམ་ཅན་དུ་ལས་གཉེར་ཐུབ་པ་བྱས་ནས། ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་སྔར་བས་བརྟན་འཁྱོངས་དང་གྲུབ་ཆ་སྔར་བས་ལེགས་འགྱུར་བྱ་རྒྱུ་བཅས་རེད།
ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་མགྱོགས་མྱུར་སེལ་རྒྱུ། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ཐོན་ལས་གོང་འཕེལ་འགན་གཙང་ལེན་སྲོལ་དོན་འཁྱོལ་བྱ་རྒྱུ་དང་། ཐོན་ལས་ཕྲེང་སྦྲེལ་གྱི“ཕྲེང་དཔོན་ལམ་ལུགས” འགན་འཁྲི་ནན་པོ་བཟོས་ཏེ། སྲིད་གཞུང་དང་ཁེ་ལས། ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་བྱེད་ཐབས་གསར་གཏོད་བྱ་རྒྱུ། ཐོན་ལས་གོང་འཕེལ་གཏོང་གྲོན་ཐད་མ་དངུལ་སྒོར་དུང་ཕྱུར་30བཀོད་སྒྲིག་བྱ་རྒྱུ། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྤུས་རིམ་ལེགས་འགྱུར་གྱི་བྱ་སྤྱོད་སྤེལ་བ་དང་། མཐོ་གསར་གྲངས་འཛིན་དང་ཨར་སྐྲུན་རྒྱུ་ཆ་སོགས་སྣེ་འདྲེན་ཁེ་ལས་སྐྱོང་སྤེལ་ལས་གཞི་ལག་བསྟར། “རོགས་སྐྱོར་སྲིད་ཇུས་+ཆེད་དོན་ཇུས་གཞི་+ཆེད་སྒྲུབ་སྐུལ་སྤེལ”གྱི་ལས་རྣམ་གསར་པ་གཏོད་པ་བཅས་བྱ་རྒྱུ། ཐོན་ལས་རྣམས་གྲངས་འཛིན་ཅན་དུ་ནུས་སྐྱེད་དང་། འབྱུང་འཕྲོད་ཅན་དུ་ལེགས་སྒྱུར། འདུས་ཚོགས་ཅན་དུ་གོང་འཕེལ། གྲགས་རྟགས་ཅན་དུ་འཛུགས་གཏོད་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ། མཐོ་གསར་ལག་རྩལ་གྱི་ཁེ་ལས་160དང་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་10སྐྱོང་སྤེལ་ཐོག འབྱུང་འཕྲོད་བཟོ་གྲྭ་དང་འབྱུང་འཕྲོད་གླིང་ཁུལ་ཁག་གཅིག་གཏན་འཁེལ་བྱ་རྒྱུ། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་ཀྱི་ལག་རྩལ་ཆེ་མོ་བ་དང་བོད་ཀྱི་ལག་རྩལ་ཆེ་མོ་བ་ཁག་གཅིག་གསོ་སྐྱོང་བྱ་རྒྱུ་བཅས་རེད།
(ལྔ)གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ།
ཞིང་འབྲོག་ལས་སྤུས་འབྲས་གཉིས་ཐོན་གྱིས་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་རྒྱུ། འབྲུ་རིགས་ཐོན་འབབ་བརྟན་པ་དང་། འབྲོག་ལས་དར་ཆེ་བ། ཁྱད་ཆོས་ཐོན་ལེགས་པ་བཅས་མཐའ་འཁྱོངས་ཀྱིས་འབྲུ་རིགས་ཐོན་འབོར་ཏུན་ཁྲི་100ཡན་བརྟན་འཁྱོངས་ཐུབ་པ་བྱ་རྒྱུ་དང་། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་20གསར་སྐྲུན་དང་ལེགས་བཟོ་བྱ་རྒྱུ། ཞིང་འབྲོག་དམངས་ཀྱི་ཆེད་ལས་མཉམ་ལས་ཁང་གི་སྤུས་འབྲས་ལེགས་ཐོན་དང་དཔེ་མཚོན་གྱི་ཁྱིམ་ཚང་ཞིང་རྭ་གསར་སྐྲུན་ཤུགས་ཆེ་བྱས་ཏེ། རྣམ་གསར་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་མཁན་དུད་ཚང་20སྐྱོང་སྤེལ་བྱ་རྒྱུ་བཅས་རེད།
ས་མཐོའི་མཛེས་མཐུན་ཤང་གྲོང་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ། “སྟོང་ཁྲིའི་ལས་གཞི”ཡི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་མ་ཟད། ཞིང་སྐྱོར་ཞིང་དར་འགན་ལེན་དང“གནས་ལ་གནས་གཏད”ཀྱི་གྲོང་གསེབ་དར་སྤེལ་གཏོང་བར་དམ་འཛིན་ཤུགས་ཆེ་བྱ་རྒྱུ་དང་། ས་མཐོའི་མཐུན་སྐྱིད་ཤང་གྲོང་180བསྐྲུན་རྒྱུ་དང་། ཤང་དང་གྲོང་རྡལ་ཚང་མ་དང་སྲིད་འཛིན་གྲོང་ཚོ་90%ཡན་ལ་མཁྲེགས་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ། “འཛིན་གཅིག་སྐུལ་གཉིས”དང་ཤེས་དཔལ་ཤང་གྲོང་གི་དཔེ་མཚོན་ས་ཚིགས་འཛུགས་གཏོད་ཏན་ཏིག་བྱ་རྒྱུ། གནད་འཛིན་རྒྱ་སྐྱེད་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་རྣམ་གསར་སྲོལ་གཏོད་བྱ་སྤྱོད་ཤུགས་ཆེ་སྤེལ་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་བློ་མོས་ལྟར“འགྲུལ་ཁང་དང་། ཉལ་ཁང་། ཐབ་ཚང”
བཅས་ལོགས་སུ་འཛུགས་རྒྱུའི་ཚོད་ལྟ་སྤེལ་རྒྱུ། སྲོལ་རྒྱུན་གྲོང་སྡེ་གཅིག་བསྡུས་ཡུག་འབྲེལ་གྱིས་སྲུང་སྐྱོབ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། “ཡོང་འབབ་གཅིག་དང་འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ། ཉེན་ཟོན་སྔོན་བརྡར་ཤུགས་སྣོན་གྱིས་ཇུས་འདོན་གནད་འཕིགས་ཡོང་བ་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་གྱི་མཐའ་ཚད་ངེས་པར་དུ་བརྟན་པོ་བསྲུང་རྒྱུ་བཅས་རེད།
རྣམ་གསར་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བརྟན་པོ་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་གནས་སྒྱུར་མི་འབོར་རྣམས་གྲོང་མིར་འགྱུར་བར་སྐུལ་ལྕག་གཏོང་བ་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱུན་སྡོད་མི་འབོར་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་ཚད་40%ཡན་ཟིན་པ་དང་། ཞིང་ལས་སྟོབས་ཆེའི་རྫོང་དང་། འབྲོག་ལས་སྟོབས་ཆེའི་རྫོང་། ཡུལ་སྐོར་སྟོབས་ཆེའི་རྫོང་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རང་སོའི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། ལྷ་སའི་བར་སྐོར་གནའ་གྲོང་སྲུང་སྐྱོབ་དང་གྲོང་ཁུལ་རྙིང་པ་བསྒྱུར་བཟོ་བྱེད་པའི་ལས་གཞིར་རིམ་བཞིན་སྐུལ་སྤེལ་གཏོང་རྒྱུ། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་དང་བདེ་འཇགས་ཐེག་ནུས་ཆེར་གཏོང་བྱ་སྤྱོད་ཤུགས་ཆེ་སྤེལ་བ། གྲོང་ཁྱེར་གྱི་ས་འོག་སྦུག་དྲ་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ། རྫོང་གྲོང་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དང་བཙོག་ཆུ་གཅིག་བསྡུས་གཙང་གསིང་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱ་རྒྱུ། དྲོད་རླངས་དང་གསོ་རླུང་མཁོ་འདོན་ལས་གྲྭར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཚང་སྒྲིག་སྡོད་ཁང་ཁྲི་1.79གསར་རྒྱག་དང་མཐུད་སྐྲུན་བྱས་ཁར། ཁུལ་ཆུང་རྙིང་གྲས་70ལ་བཟོ་བཅོས་རྒྱག་རྒྱུ་བཅས་རེད།
(དྲུག)སྒྱུར་བཅོས་སྒོ་དབྱེ་དང་ཕྱོགས་ཡོངས་ནས་གསར་གཏོད་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་རྒྱུ།
ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་བྱ་རྒྱུ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་ལས་འགན་ཡོངས་སུ་ལེགས་གྲུབ་བྱ་རྒྱུ་དང་། ཁྲོམ་རར་འཛུལ་འཐུས་ཀྱི་ནུས་འབྲས་ལ་ཚོད་སྐོར་བྱེད་པའི་ལམ་སྲོལ་འཛུགས་རྒྱུ། སྡོད་ཁང་འཛུགས་སྐྲུན་དང་། འགྲིམ་འགྲུལ། ཆུ་བེད་བཅས་རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་བྱེད་པར་རྒྱུན་མཐུད་སྒྱུར་བཅོས་བྱས་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། སྲིད་གཞུང་གི་ཉོ་སྒྲུབ་དོ་དམ་མུ་མཐུད་ཚད་ལྡན་བཟོ་རྒྱུ། གཏེར་དབང་འགྲན་རྩོད་རང་བཞིན་གྱི་ནང་བཤུག་གཏོང་བར་སྒྱུར་བཅོས་བརྟན་པོ་བྱ་རྒྱུ། གྲངས་གཞིའི་གཙོ་རྒྱུ་ཁྲོམ་ར་ཅན་དུ་བགོ་སྒྲིག་བྱེད་པར་སྒྱུར་བཅོས་གཏིང་ཟབ་དང་ཁུལ་ཁོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱ་རྒྱུ། མ་འཇོག་གི་ཞིབ་མཆན་འགོད་ལུགས་ལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་དང་། མཐོ་རིམ་སློབ་འབྲིང་སློབ་སྦྱོང་ཆུ་ཚད་ཀྱི་རྒྱུགས་ལེན་ལམ་ལུགས་དང་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཚན་རྩལ་གྲུབ་འབྲས་དངོས་སྒྱུར་ལམ་སྲོལ་ལ་སྒྱུར་བཅོས་དང་འགན་གནས་ཚན་རྩལ་གྲུབ་འབྲས་དབང་བསྐུར་སྒྱུར་བཅོས་ཀྱི་ཚོད་ལྟ་སྤེལ་རྒྱུ། གཞི་གྲངས་མེད་པའི་སྔོན་རྩིས་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་གཙོ་བོར་བྱས་ཏེ། “2+1”གི་ནོར་སྲིད་ཕྱོགས་བསྡུས་དོ་དམ་ལ་སྒྱུར་བཅོས་བྱ་རྒྱུ། གྲོང་གསེབ་ཀྱི་འགན་གཙང་ས་ཆའི“དབང་གསུམ་དབྱེ་འཛུགས”ཀྱི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུ་དང་། “གསུམ་འགྱུར”སྒྱུར་བཅོས་ལ་སྐུལ་སྤེལ་བཏང་ནས་ཕྱུགས་རྩྭ་སྔོ་ལོག་དུས་ཚིགས་ཀྱི་རྩྭ་བསྙལ་སྐྱིན་གསབ་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ། མཉམ་སྡེབ་ནགས་དབང་ལམ་ལུགས་ལ་སྒྱུར་བཅོས་བྱ་རྒྱུ་གཞི་རྩའི་ཆར་ལེགས་གྲུབ་བྱ་རྒྱུ། གཞུང་ཁོངས་རིག་རྩལ་ཚོགས་པར་སྒྱུར་བཅོས་བྱ་རྒྱུ། སྤྱི་ཕན་རང་བཞིན་གྱིས་ཁྲིད་ཕྱོགས་བྱས་པའི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ལ་སྐུལ་སྤེལ་གཏོང་རྒྱུ། ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ཚོད་ལྟའི་ཉམས་མྱོང་ཁག་གཅིག་དཔེ་ལེན་ཁྱབ་གདལ་གཏོང་རྒྱུ་བཅས་རེད།
སྒོ་མོ་འབྱེད་ཤུགས་སྔར་བས་ཇེ་ཆེར་གཏོང་རྒྱུ། སྐྱིད་གྲོང་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་དང་གཞིས་རྩེའི་རྒྱལ་སྤྱིའི་སྐམ་ཐོག་གྲུ་ཁ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། འགྲམ་གྲོང་རྡལ་སླར་གསོ་བསྐྱར་སྐྲུན་ལས་གྲྭའི་གཙོ་གཞི་སྤྱིའི་ཆར་ལེགས་གྲུབ་བྱ་རྒྱུ། ལྷ་སའི་མཁའ་འགྲུལ་འགག་སྒོའི་བྱེད་ནུས་ལེགས་འགྱུར་དང་། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་སྐམ་ལམ་མཐའ་མཚམས་འགག་སྒོ་མཉམ་དུ་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། འདྲེན་ཐང(རི་འོག)འགག་སྒོ་དང་འཛེ་ཐར་སྲོལ་རྒྱུན་མཐའ་མཚམས་ཚོང་འདུས་ས་ཚིགས་སྒོ་མོ་འབྱེད་མགྱོགས་སུ་གཏོང་རྒྱུ། ཧུར་བརྩོན་རང་འགུལ་དང་གོམ་སྟབས་བརྟན་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ། གླེང་སྟེགས་དང་། འགྲེམས་ཚོགས། འགྲན་བསྡུར་སོགས་གལ་ཆེའི་ལས་སྟེགས་ཡག་པོ་སྤྱད་དེ། མཐའ་འཁོར་རྒྱལ་ཁབ་དང་མཉམ་ལས་དོན་གཉེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མཐའ་འཁོར་ཞིང་ལྗོངས་དབར་དང་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དབར་མཉམ་ལས་སྤེལ་རེས་བྱེད་ཤུགས་དང་། བོད་སྐྱོར་ལས་ཀའི“གཉིས་འགུགས་གཉིས་འདྲེན”ལ་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། གོ་རིམ་ལྡན་པའི་ངང་ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་སྔོན་ཐོན་ལག་རྩལ་དང་ཐོན་ལས་གཞན་སྒྱུར་དང་འབྲེལ་མཐུད་བྱ་རྒྱུ། མ་དངུལ་དང་། ལག་རྩལ། ངལ་ནུས་འདུས་ཆེའི་ཐོན་ལས་དེ་བས་མང་བ་བོད་དུ་འགུགས་ཐབས་བྱས་ཐོག ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་500ཡན་ལེགས་གྲུབ་བྱ་རྒྱུ་བཅས་རེད།
གསར་གཏོད་བྱེད་ནུས་སྔར་བས་ཆེ་རུ་གཏོང་རྒྱུ། སློབ་གསོ་སྟོབས་ཆེའི་ཁུལ་འཛུགས་སྐྲུན་བྱེད་པའི་འཆར་འགོད་རྩ་གནད་ལག་བསྟར་བྱ་རྒྱུ། རྨང་གཞིའི་སློབ་གསོའི་ཐོན་ཁུངས་གཅིག་གྱུར་བགོ་སྒྲིག་བྱེད་སྲོལ་འཐུས་ཚང་དུ་བཏང་སྟེ། སློབ་ཞུགས་གོང་གི་སློབ་གསོ་ཀུན་ཁྱབ་ཀུན་ཕན་སྒོ་ནས་གོང་འཕེལ་དང་། འགན་འབབ་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་གོང་འཕེལ། མཐོ་འབྲིང་དུས་ཀྱི་སློབ་གྲྭ་རྣམས་སྣ་མང་ཅན་གྱི་ཕྱོགས་སུ་གོང་འཕེལ་བཅས་གཏོང་རྒྱུ། ནང་སའི་བོད་ལྗོངས་འཛིན་གྲྭའི་ཁྱབ་བཀོད་ཇེ་ལེགས་སུ་བཏང་ནས་སློབ་གཉེར་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། བོད་ལྗོངས་ཀྱི་ཆ་ཚང་སློབ་འབྲིང(སི་ཁྲོན་ཐན་ཧྥུའུ)འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། ཐོན་སློབ་མཉམ་འདྲེས་ཀྱི་རྣམ་པ་གསར་པ་བཏོད་དེ་ལས་རིགས་སློབ་གྲྭའི་འགག་གནད་སློབ་གཉེར་ནུས་པ་ཇེ་ཆེར་གཏོང་རྒྱུ་མ་ཟད། མཐོ་སློབ་རིག་ཚན་གྱི་ཆེད་ལས་གྲུབ་ཆར་སྐབས་ཐོག་ལེགས་སྒྲིག་བྱས་ནས་ཚན་ཞིབ་མཉམ་གཏོད་ལ་སྐུལ་འདེད་གཏོང་རྒྱུ། སློབ་གསོའི་ཤེས་ལྡན་པ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྲུབ་འབྲས་སྲ་བརྟན་དང་ཁྱབ་གདལ་གཏོང་བ་དང་། “ཁྲིད་སྐྱོང་ཉར་སྤྱོད”ལས་གཞི་དང“ཇོ་རིའི་ཤེས་ལྡན་པའི”འཆར་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་པ་མཐོ་བ་དང་འཕྲལ་མཁོའི་དཀོན་གྲས་ཀྱི་ཤེས་ལྡན་པ་ནང་འདྲེན་ཤུགས་ཆེ་བྱས་ནས་རྩལ་ནུས་ཆེ་བའི་ཤེས་ལྡན་པ་2300མང་དུ་གཏོང་རྒྱུ། ནོར་སྲིད་ཀྱིས་ཚན་རྩལ་ཐད་མ་དངུལ་མང་དུ་གཏོང་རྒྱུ་དང་དོ་དམ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་བྱེད་པའི་ཐད་མ་དངུལ་འཇོག་པར་སྣེ་ཁྲིད་དང་ཕན་སྐུལ་གཏོང་བ། གཞི་ཁྱོན་ལྡན་པའི་བཟོ་ལས་དང་ཁེ་ལས་ལ་ཞིབ་སྤེལ་གྱི་སྒྲིག་གཞི་མེད་པ་དང་ཞིབ་སྤེལ་གྱི་ལས་སྒོ་མེད་པ“གཉིས་གཙང་བཟོར”སྐུལ་སྤེལ་བརྟན་པོ་གཏོང་རྒྱུ། འདི་ལོར་ནོར་སྲིད་ཀྱིས་ཚན་རྩལ་ཐད་བསྐྱར་དུ་མ་དངུལ་ལྡབ་གཅིག་མང་དུ་གཏོང་རྒྱུ་བཅས་རེད།
(བདུན)དམངས་འཚོ་འགན་སྲུང་དང་ལེགས་བཅོས་གང་ལེགས་བྱ་རྒྱུ།
ནུས་ཤུགས་ཡོད་རྒུས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ། སྤུས་ཚད་མཐོ་བའི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་5གསར་དུ་ལས་ཞུགས་ཐུབ་པ་བྱ་རྒྱུ། གླ་ཆ་ཆད་འགྱངས་བྱེད་རིགས་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་ཏེ། སྐབས་བསྟུན་ལས་ཞུགས་པ་དང་། ཞིང་པ་གླ་པ། ལས་ཞུགས་པ་གསར་པ་བཅས་ཀྱི་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱ་རྒྱུ། རྒན་རྒོན་དང་། དབང་པོ་སྐྱོན་ཅན། ཡུན་རིང་ལས་ཤོར་མི་སྣ་སོགས་དཀའ་ངལ་ཡོད་པའི་མི་ཚོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་ཞུགས་མེད་པའི་ཁྱིམ་ཚང་སྐབས་བསྟུན་གཙང་བཟོ་བྱ་རྒྱུ། ཁྲོམ་ར་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་བཅས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་དང་། “ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིའི་ཁྲོམ་རར་ལས་ཞུགས་བྱེད་ལམ་སྲ་བརྟན་དང་རྒྱ་སྐྱེད། ལས་བརྟན་ཕྱིར་ལོག་དང་། དཔྱ་ཁྲལ་ཆག་ཡང་། ལས་ཞུགས་ཁ་གསབ་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་བེད་སྤྱོད་ཡག་པོ་བྱས་ཏེ། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་དང་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་12%ཡན་ཟིན་པ་བྱ་རྒྱུ། རྣམ་གྲངས་ཀྱིས་སྐུལ་ཁྲིད་དང་ཐོན་ལས་འདྲེན་འགུགས་བྱེད་པ་སོགས་བརྒྱུད་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་སྟེ། ཞིང་འབྲོག་མང་ཚོགས་མི་ཁྲི་63ཡན་གནས་སྒྱུར་ལས་ཞུགས་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་68ཡན་ཟིན་པ་བྱ་རྒྱུ་རེད།
སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་རྒྱུ། “དམིགས་བྱ་ལྔའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་འཕྲོད་བསྟེན་བདེ་ཐང་གི“བྱ་སྤྱོད་ཁག་བརྒྱད”མུ་མཐུད་སྤེལ་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་གཏོང་ལས་གཞི་ལག་བསྟར་བྱས་ནས་སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་གཞི་རིམ་དུ་རྒྱ་སྐྱེད་དང་དོ་སྙོམས་ཁྱབ་བཀོད་བྱེད་པར་སྐུལ་འདེད་ཟམ་མི་ཆད་པར་གཏོང་རྒྱུ། རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་གང་མགྱོགས་བཙུགས་ནས་དམ་ཚགས་རྣམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པའི་ལས་གཉེར་དང་ལྟ་ཞིབ་ཚད་ལེན་བྱེད་སྲོལ་འཐུས་ཚང་དུ་གཏོང་རྒྱུ། སློབ་ཆེན་སློབ་མ་གྲོང་གསེབ་ཏུ་སྨན་པར་སྐྱོད་པའི་འཆར་གཞི་རྒྱུན་མཐུད་ལག་བསྟར་བྱ་རྒྱུ། ཀྲུང་ལུགས(བོད་ལུགས)གསོ་རིག་དར་རྒྱས་གོང་འཕེལ་གཏོང་བའི་ལས་གཞི་གལ་ཆེན་ལག་བསྟར་བྱ་རྒྱུ། ཁུལ་ཁོངས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་ཀྱི་ས་མཐོའི་ནད་དཔྱད་ལྟེ་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། “དྲ་སྦྲེལ་+སྨན་བཅོས་བདེ་ཐང”ལ་སྐུལ་སྤེལ་གཏོང་བ་དང་སྨན་བཅོས་ཤེས་ལྡན་པ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་རེད།
སྤྱི་ཚོགས་འགན་སྲུང་དང་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་ཆེན་དང་། ཁུལ་ཁོངས། ཡུལ་ལྗོངས་བཅས་དེ་བས་མང་བར་སྤྱི་ཚོགས་འགན་བཅོལ་གྱི“གཱ་གཅིག་ཀུན་འཐུས”བེད་སྤྱོད་ཡོད་པ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། རྒན་གསོའི་ཞབས་ཞུའི་སྒྲིག་གཞི་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུ། ཡོང་འབབ་དམའ་ཞིང་དཀའ་ངལ་ཡོད་མཁན་ཁྱིམ་ཚང་ལ་ཁ་གསབ་སྤྲོད་པའི་ཕུགས་ཕན་ལམ་སྲོལ་ལ་ཞིབ་འཇུག་བྱས་ནས་འཛུགས་རྒྱུ། རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུ། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུན་རིང་ནད་གཡོག་རྒྱུག་མཁན་གྱི་འགན་བཅོལ་ལམ་ལུགས་མགྱོགས་པོ་འཛུགས་པ། ཞིང་འབྲོག་ཁུལ་གྱི་བུ་བཅོལ་ཁང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་རྒྱུ་བཅས་རེད།
མང་ཚོགས་ཀྱི་རིག་གནས་ལུས་རྩལ་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ། དུས་རབས་གསར་པའི་རིག་རྩལ་གསར་རྩོམ་གྱི་སྤུས་ཚད་ལེགས་འགྱུར་དང་རིག་གནས་དམངས་ཕན་དང་ཤང་གྲོང་གི་རིག་གནས་ཐོན་རྫས་མཁོ་སྤྲོད་སོགས་ཀྱི་ལས་གཞི་ལག་བསྟར་ཤུགས་ཆེ་བྱ་རྒྱུ། རིག་ནུས་ཀྱི་རླུང་འཕྲིན་བརྙན་འཕྲིན་འཛུགས་སྐྱོང་བྱ་རྒྱུ། གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམངས་ཡོངས་ལུས་སྦྱོང་བྱེད་སའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པར་འགྲན་ཞུགས་ཀྱི་གྲ་སྒྲིག་ཧུར་ཐག་བྱ་རྒྱུ་དང་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་གྱི་མཐར་ཟད་འགྲན་བསྡུར་སོགས་བྱེད་སྒོ་ཆེ་གྲས་ཁག་གི་གྲ་སྒྲིག་ཞིབ་ཚགས་བྱ་རྒྱུ་རེད།
(བརྒྱད)མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ།
ས་མཐོའི་གནམ་སྔོན་དང་ཆུ་དྭངས་ས་གཙང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་ནུས་ཤུགས་ཆེར་གཏོང་བའི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་རྒྱུ་དང་། རྫོང་རིམ་པ་ཡན་གྱི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལ་ཡོངས་བཤེར་བྱ་རྒྱུ། ཆུ་ཡུར་དང་། མཚེའུ། ཆུ་མཛོད་བཅས་ཁུལ་གྱི“གང་བྱུང་བཞི་གཙང་སེལ”བྱ་རྒྱུ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་བྱ་རྒྱུ། སྲ་གཟུགས་སྙིགས་རོས་ཁོར་ཡུག་སྦགས་བཙོག་བཟོ་གཞི་འགོག་བཅོས་བྱེད་པའི་སྲོལ་ཡིག་བཟོ་རྒྱུ་དང་ཨར་སྐྲུན་གད་སྙིགས་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་ཤུགས་ཆེ་སྤེལ་ཏེ། ཁུལ་ཁོངས་ཡོངས་སུ“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་བྱེད་པར་རིམ་བཞིན་སྐུལ་སྤེལ་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་ཐེངས་གསུམ་པ་བྱས་ཏེ། ལྷད་སྐྱོན་སྤུ་ཙམ་མེད་པའི་ཐོག་ནས་གངས་ལྗོངས་ས་མཐོའི་རང་བྱུང་སྣོད་བཅུད་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་རེད།
སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་རྒྱུན་མཐུད་ཤུགས་ཆེར་གཏོང་རྒྱུ། རི་ཆུ་ནགས་ཤིང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱིས་སྲུང་སྐྱོབ་དང་རྒྱུད་ཁོངས་བཅོས་སྐྱོང་བྱེད་ཐབས་མཐའ་འཁྱོངས་བྱ་རྒྱུ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་ཉམས་གསོའི་ལས་གཞི་གལ་ཆེན་ལག་བསྟར་བྱས་ནས་ནགས་གསོ་ནགས་སྐྱོང་མུའུ་ཁྲི་100ཡན་ལེགས་གྲུབ་བྱ་རྒྱུ། དེའི་ནང་ལྷོ་བྱང་རི་བོ་སྔོ་འགྱུར་ལས་གཞིའི་ནགས་གསོ་ནགས་སྐྱོང་མུའུ་ཁྲི་20ཚུད་ཡོད། རྩྭ་ཐང་ཉམས་པ་མུའུ་ཁྲི་500སླར་གསོ་བཅོས་སྐྱོང་དང་ས་ཆུ་ཤོར་ཁྱོན་མུའུ་ཁྲི་20བཅོས་སྐྱོང་བྱ་རྒྱུ། སྐྱེ་ཁམས་གནས་ཚུལ་ལ་བརྟག་དཔྱད་ཚོད་སྐོར་ཐེངས་ལྔ་པ་བྱེད་འགོ་འཛུགས་རྒྱུ། སྐྱེ་ཁམས་ཀྱི་སྐྱིན་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁར་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།
འབྱུང་འཕྲོད་འཕེལ་རྒྱས་གཏོང་ཐབས་མགྱོགས་མྱུར་འཛུགས་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་ཁུལ་འབྱེད་དོ་དམ་ཚོད་འཛིན་བྱ་ཐབས་ལག་བསྟར་བྱ་རྒྱུ་དང་། འབྱུང་གློག་ཆིང་བཟོ་དང་“འོད་ནུས་བྱེ་བཅོས”ཀྱི་ཚོད་ལྟ་རིམ་བཞིན་སྤེལ་རྒྱུ། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་དཀར་ཆག་གསལ་ཐོ་བཟོས་ཏེ། གསར་སྐྲུན་ནགས་ཚལ་གྱི་ཐཱན་འདུས་ཐོན་ཁུངས་གསར་སྤེལ་གྱི་གཏིང་ཤུགས་ལ་བརྟག་དཔྱད་བྱ་རྒྱུ་མ་ཟད། ནགས་རྩྭའི་ཐཱན་འདུས་རྣམ་གྲངས་གསར་སྤེལ་དང་ཉོ་འཚོང་བྱེད་ཐབས་ཀྱི་ཚོད་ལྟ་སྤེལ་འགོ་འཛུགས་རྒྱུ། བཟོ་ལས་དང་། གྲོང་ཁྱེར་དང་གྲོང་གསེབ། འགྲིམ་འགྲུལ། སྤྱི་པའི་སྒྲིག་གཞི་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ནུས་སྲི་ཐྰན་ཉུང་བྱེད་པར་མུ་མཐུད་སྐུལ་སྤེལ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་འབྱུང་འཕྲོད་ཅན་དུ་འགྱུར་བར་བྱ་རྒྱུ་རེད།
(དགུ)མཐའ་མཚམས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ།
མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ཤུགས་ཇེ་ཆེར་གཏོང་བ་དང་། རིག་ནུས་མཐའ་སྲུང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མཐའ་མཚམས་གྲོང་གསར་དུ་ལེ་ལག་ཚང་བའི་གློག་གཏོང་ལས་གྲྭ་སྤེལ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། མཐའ་མཚམས་ཤང་དང་གྲོང་རྡལ་དུ་5Gདང་ཀྲའོ་སྟོང་གི་འོད་དྲ་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱ་རྒྱུ། མཐའ་མཚམས་ས་ཁུལ་གསར་སྤེལ་དང་སྒོ་མོ་འབྱེད་ཚད་བརྟན་པོའི་ངང་ཇེ་ཆེར་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བར་རོགས་སྐྱོར་ཤུགས་ཆེ་བྱེད་པ། ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ཡུལ་སྐོར་དང་། ཁོངས་བརྒལ་ཡུལ་སྐོར། མཐའ་མཚམས་ཚོང་དོན་བཅས་གོང་འཕེལ་གཏོང་རྒྱུ། སྤྱི་པའི་ཞབས་ཞུའི་མ་ལག་དང་མཐའ་མཚམས་མི་སེར་གྱི་ཁ་གསབ་སྲིད་ཇུས་སྔར་བས་འཐུས་ཚང་དུ་བཏང་ནས་མི་འབོར་དེ་བས་མང་བ་མཐའ་མཚམས་ས་ཁུལ་དུ་གཞིས་ཆགས་ལས་དར་ཐུབ་པ་བྱ་རྒྱུ་བཅས་རེད།
ང་ཚོས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་གྱི་མཛུབ་སྟོན་གལ་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རོགས་སྐྱོབ་རྗེས་འཇུག་གི་ལས་དོན་ཁག་མུ་མཐུད་བསྒྲུབ་རྒྱུ་དང་བརྩེ་སེམས་ཟབ་མོས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱ་རྒྱུ་མ་ཟད། གནས་སྐབས་དང་བར་བརྒལ་དུས་སྐབས་གཅིག་གྱུར་བཀོད་སྒྲིག་ཡག་པོ་བྱས་ཏེ་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་ནས་དགུན་སྒྲོལ་ཐུབ་པ་བྱ་རྒྱུ། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱེད་མགྱོགས་སུ་བཏང་སྟེ། གཙོ་གནད་ཁུལ་གྱི་སྡོད་ཁང་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཡོམ་འགོག་ནུས་པ། ས་ཡོམ་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་བཅས་སྔར་བས་ཇེ་ཆེར་གཏོང་རྒྱུ་མ་ཟད། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུ་རེད།
ང་ཚོས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ། བུད་མེད་དང་། བྱིས་པ། གཞོན་ནུ་ལོ་ཆུང་། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱེད་པ་དང་། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་སྲུང་སྐུལ་སློང་དང་གཉིས་བཀུར་མཉམ་སྐྲུན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། དུས་རབས་གསར་པའི་དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་རྒྱུ་རེད།
ང་ཚོས་དམིགས་ཚད་གཞི་རྩར་འཛིན་པ་དང་མཐའ་མའི་གདོང་མཆོང་བྱས་ཏེ། ནུས་ཤུགས་ཡོད་རྒུས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ལེགས་གྲུབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་ཇུས་འགོད་བཟོས་ཏེ། སྐབས་རིམ་བྱུང་གི་སྲིད་གཞུང་ཚན་པས་རྨང་གཞི་བརྟན་པོ་བཏིངས་བའི་ཐོག་མུ་མཐུད་འབད་བརྩོན་བྱས་ཏེ། ལས་དོན་ཁག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྤེལ་རྒྱུ་རེད།
དུས་བབ་གསར་པ་དང་ལས་འགན་གསར་པས་སྲིད་གཞུང་ལས་དོན་ལ་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། རིམ་ཁག་སྲིད་གཞུང་དང་དེའི་ལས་དོན་མི་སྣས་མི་དམངས་སྲིད་གཞུང་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་བློ་ལ་བརྟན་པོར་ངེས་ཤིང་། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་བྱེད་མཁན་གྱི་ལག་ལེན་པ་དང་། བྱ་སྤྱོད་པ། འཇོན་ཐང་པ་བཅས་མཐའ་གཅིག་ཏུ་བྱས་ཐོག “འཕྲལ་སྒྲུབ་དོན་གཉེར”བྱ་རྒྱུ་དེ་སྲིད་གཞུང་ལས་ཀའི་མངོན་གསལ་དོད་ཤོས་ཀྱི་གཞི་མདངས་ཤིག་ཏུ་འགྱུར་བར་བྱེད་དགོས་པ་སྟེ། ལྷག་བསམ་རྣམ་དག་གིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས་པ། ལྷག་བསམ་རྣམ་དག་གིས“གཏན་འཁེལ་གཉིས”ལ་སྲུང་སྐྱོབ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ཏན་ཏིག་བྱེད་དགོས། བརྩོན་སེམས་ཆེར་བསྐྱེད་ཀྱིས་ལས་ཕྱོད་ཆེ་རུ་གཏོང་དགོས་པ། དམངས་ཀྱིས་རེ་སྒུག་བྱེད་སར་སྲིད་གཞུང་གིས་བྱ་སྤྱོད་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་དམ་འཛིན་མུ་མཐུད་བྱས་ཏེ། སྒྲུབ་དགོས་པའི་བྱ་བ་སེམས་ཐག་གཙང་བཅད་ཀྱིས་བསྒྲུབ་རྒྱུ་དང་། སྒྲུབ་ཐུབ་པའི་བྱ་བ་འཕྲལ་མར་བསྒྲུབ་རྒྱུ། སྒྲུབ་དཀའ་བའི་བྱ་བ་ཐབས་ཤེས་ཡོད་རྒུས་བསྒྲུབ་རྒྱུ་མ་ཟད། བསྒྲུབས་ཚད་ཚང་མར་ཕན་འབྲས་ཐོན་པ་བྱས་ནས་སྲིད་གཞུང་གི་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འཇིགས་བཀུར་ཤེས་རྟོགས་ཀྱིས་ཁྲིམས་སྐྱོང་ལ་བརྩི་བཀུར་ཞུ་དགོས་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རང་རྟོགས་ངང་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་ཞུ་རྒྱུ་མ་ཟད། ཁྲིམས་འཛིན་དང་། རྩིས་བཤེར། བསྡོམས་རྩིས། སྤྱི་ཚོགས་བཅས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཅིང་། དབང་ཆ་སྤྱོད་སྐབས་རྟག་ཏུ་སྒྲིག་ལམ་ལ་སྣང་ཆེན་བྱེད་དགོས། དམ་ནན་དོན་གཉེར་གྱིས་སྒྲིག་ཁྲིམས་བསྲུང་དགོས་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ཏེ། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམ་འཛིན་ནན་པོ་བྱ་རྒྱུ་དང་། “སྤྱོད་ཚུལ་བཞི”དང་ལྷག་དོན་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་མུ་མཐུད་བྱ་རྒྱུ། ཟ་མཁས་སྤྱོད་མཁས་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་གང་ཐུབ་དང་གཞི་རིམ་གྱི་སེམས་ཁྲལ་སེལ་གང་ཐུབ་བྱེད་དགོས།
གནས་ལུགས་སྙིང་པོར་བསྡུས། དོན་གཉེར་གཙིགས་སུ་འཛིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དམ་པ་དོན་གཉེར་དང་། དམ་འཛིན་མྱུར་སྒྲུབ། དཀའ་སྤྱད་སྙིང་རུས་བཅས་བྱས་ཏེ། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་གང་ལེགས་ཞུ་དགོས།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)