དབུ་ཤོག>ཆེད་སྒྲིག>2025བོད་ཀྱི་ཚོཌ་འདུ་གཉིས>ཚོགས་འདུ་གཉིས་ཀྱི་ཆེད་རྩོམ།
  • ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

    —— རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-19

    ལྗོངས་ཡོངས་ཀྱི་མི་དམངས་ཚོའི་རེ་སྒུག་དང་མངགས་བཅོལ་ཟབ་མོ་བསྣམས་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་དེ་རིང་ལྷ་སར་འགོ་ཚུགས་པ་རེད། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་འཐབ་ཕྱོགས་ཁག་ནས་ཕེབས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས། ལྗོངས་ཡོངས་ཀྱི་མི་དམངས་ཀྱི་འདོད་བློ་གང་ལེགས་མཚོན་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་བློ་གྲོས་བསྡུ་རུབ་གང་ལེགས་གནང་སྟེ། ཁྲིམས་ལྟར་འགན་དབང་སྤྱོད་པ་དང་འགན་འཁྲི་བསྒྲུབས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་རྒྱུ་རེད། འདི་ནི་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ང་ཚོས་ཚོགས་ཆེན་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་གི་ཡིན།

    འདས་མ་ཐག་པའི་2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་ཀྱང་རེད། བོད་ཀྱི་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། མི་དམངས་འཐུས་ཚོགས་ལམ་ལུགས་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་ཕྱིན་ཏེ། གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་ཚུགས་པ་དང་མི་སེམས་སུ་གཏིང་ཟབ་ཟུག་ནས། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ལ་སྐྱེ་སྟོབས་དང་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་དང་། ལམ་ལུགས་ཀྱི་ལེགས་ཆ་དེ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ཕན་འབྲས་ལ་ནུས་ལྡན་བསྒྱུར་ཡོད།

    འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་ལྟ་སྐབས། ང་ཚོས་འགྲན་སློང་ལ་ཁ་གཏད་གཅོག་རིང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། གྱེན་འཛེགས་འགག་སྒྲོལ་ཁྲོད་འབད་འབུངས་མདུན་སྐྱོད་བྱས་ཡོད། ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས། བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་ལྗོངས་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར” ཤུགས་བརྒྱབ་ནས། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ནུས་ལྡན། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ནུས་ལྡན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ནུས་ལྡན་སྐྲུན་པ། མཐའ་དར་དམངས་ཕྱུག་དང་མཐའ་བརྟན་མཐའ་སྲུང་ལ་སྐུལ་འདེད་ནུས་ལྡན། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་ནུས་ལྡན་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།

    གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། དེའི་ཆེས་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་སྒྱུར་ཕྱོགས་སྟོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་རེད་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འབུངས་ཡར་བརྩོན་བྱས་པའི་འབྲས་བུའང་རེད།

    2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་རེད་ལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་དེར་གྲོས་ཞིབ་གནང་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་དང་། རང་སྐྱོང་ལྗོངས་ཀྱི་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན། རང་སྐྱོང་ལྗོངས་ཀྱི་2024ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན། རང་སྐྱོང་ལྗོངས་ཀྱི་2025ལོའི་སྔོན་རྩིས་འཆར་ཟིན་སོགས་ལ་ཞིབ་བཤེར་གནང་རྒྱུ་རེད། ད་ཐེངས་ཀྱི་ཚོགས་ཆེན་ཡག་པོ་འཚོག་རྒྱུ་དེ་ད་ལོའི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    མཛེས་སྡུག་ལྡན་པའི་རྒྱང་ལམ་ཐོག་བསྐྱོད་ཚེ་གོ་སྐབས་སྔར་ན་མེད་པ་ཐོབ་སྲིད་ལ། ཡིད་ཆེས་ཀྱང་དེ་བས་བརྟན་དུ་འགྲོ་ངེས། 2025ལོའི་ལོ་འཁོར་མོའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་ང་ཚོས་གཙོ་རྐང་ལ་དམིགས་པ་དང་། རྨང་གཞི་བརྟན་དུ་གཏོང་བ། ཐོན་ལས་ཀྱིས་སྣེ་ཁྲིད། དམངས་འཚོ་རྩ་བར་འཛིན་པ་བཅས་ཀྱི་བླང་བྱ་ཁོང་དུ་ནན་པོ་ཆུད་པར་བྱས་ཏེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྔོན་དཔག་བརྟན་པོ་དང་འཕར་སྣོན་ལ་སྐུལ་འདེད་གཏོང་བ། མ་འཇོག་དང་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་མུ་མཐུད་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། སྒྱུར་བཅོས་སྒོ་དབྱེ་དང་ཕྱོགས་ཡོངས་ནས་གསར་གཏོད་བྱེད་མགྱོགས་སུ་གཏོང་བ། དེ་བས་ལེགས་པའི་སྒོ་ནས་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། མཐའ་མཚམས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་དང་དངོས་ཡོད་གྲུབ་འབྲས་ལ་བརྟེན་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས། ང་ཚོས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རྗེས་མཐུད་ཀྱི་བཀོད་སྒྲིག་རོགས་སྐྱོབ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་ལེགས་སྒྲུབ་བྱས་ནས། དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་བཀོད་སྒྲིག་གཞིར་བཟུང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་སྔར་བས་འཕེལ་རྒྱས་བཏང་ནས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་གསར་གཏོད་རང་བཞིན་གྱི་སྒོ་ནས་སྤེལ་ཚེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བློ་སྟོབས་དང་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་ངེས་རེད།

    ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་མི་དམངས་འཐུས་ཚོགས་ལམ་ལུགས་གཡོ་འགུལ་སྤུ་ཙམ་མེད་པར་མཐའ་འཁྱོངས་ཡག་པོ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་འཐུས་ཚང་ཡག་པོ། གཞུངས་འཁྱོངས་གསར་འབྱེད་ཀྱིས་བེད་སྤྱོད་ཡག་པོ་བཅས་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འབད་འབུངས་ཡར་བརྩོན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་རྐྱང་རྩོམ་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

    ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།