དབུ་ཤོག>ཆེད་སྒྲིག
  • གནད་སྨིན་ཤུགས་འདོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་གསར་པ་ཕུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-08

    2024ལོར་རང་ལྗོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་འཁྱོངས་ཐུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་ལམ་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག“སྤུས་ཚད་མཐོ་བའི་འཕེལ་རྒྱས”དེ་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་གླེང་མང་ཤོས་ཀྱི་སྐད་ཆར་གྱུར་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷ་ས་གྲོང་ཁྱེར་གྱི་ཧྲེ་ཀྲང་ཝང་ཆང་གིས་གྲངས་གཞིའི་ཐོག་ནས་གསར་འགོད་པར་འདས་ཟིན་པའི་ལོ་གཅིག་ནང་རང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་སྤོས་པའི་གོམ་སྟབས་གསར་པ་ངོ་སྤྲོད་གནང་བ་རེད།

    ཝང་ཆང་གིས་ངོ་སྤྲོད་གནང་དོན། དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་ནུས་ལྡན་དང་དཔལ་འབྱོར་རྒྱུན་མཐུད་ངང་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་ཆེད། 2024ལོར་ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་འདོགས་པ། ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་སྲིད་ཇུས་དོན་ཚན་བརྒྱད》བཏོན་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་འཕར་བར་སྐུལ་འདེད་གཏོང་རྒྱུ་དམིགས་སར་བྱས་ཏེ། ཁ་གསབ་སྲིད་ཇུས་དོན་ཚན་བརྒྱད་ཀྱི་རྣམ་གྲངས་23བཟོས་ནས་དཔལ་འབྱོར་སླར་གསོ་ཤུགས་ཆེན་དང་བརྟན་ཐོག་ཡར་འཕེལ་ལ་སྐུལ་འདེད་བཏང་ཡོད། 2024ལོར་བཅད་གྲངས་ཡན་གྱི་ཉོ་ཚོང་ཚན་པ་90གསར་དུ་འཕར་བ་དང་ཁྲོམ་རའི་བྱེད་པོའི་དུད་ཚང་ཁྲི་3གསར་དུ་འཕར་ཡོད། དེ་དང་ཆབས་ཅིག་ལྷ་སས་སྒྱུར་བཅོས་ཀྱི་བྱེད་ཐབས་དང་གསར་གཏོད་ཀྱི་བསམ་ཕྱོགས་སྤྱད་དེ་གནད་སྨིན་ཇུས་བསྟར་དང་འབེན་ཕྱོགས་ལ་ཤུགས་བརྒྱབ་པ་དང་། འཕར་རྒྱུ་བརྟན་གཏོང་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་ཡག་པོ་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་དང་སྤུས་འབྲས་ལེགས་གཉེར་བྱུང་བ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་ཀྱང་ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག“ཞིང་གསུམ”སྐོར་མང་པོ་མཉམ་སྤྱོད་གནང་ཡོད།

    འདས་ཟིན་པའི་ལོ་གཅིག་ནང་། རང་ལྗོངས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ས་ཞིང་ཡག་པོ་དང་། ས་བོན་ཡག་པོ། བཅའ་ཁྲིམས་ཡག་པོ། གོ་སྐབས་ཡག་པོ། ལམ་ལུགས་ཡག་པོ་བཅས་ནུས་ལྡན་ངང་མཉམ་འདྲེས་བྱེད་པར་དམིགས་ནས། ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་སྐྱེད་ཀྱི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱས་པས། ལོའི་ཐོན་འབབ་ཏུན་ཁྲི་110ལས་བརྒལ་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་མང་པོ་བྱུང་ཡོད། གྲོང་གསེབ་ཀྱི་སྲོལ་གསར་དང་རྣམ་པ་གསར་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་རིམ་བཞིན་ཆགས་བཞིན་ཡོད། “ཞིང་ལས་དང་། རིག་གནས། ཡུལ་སྐོར། ལུས་རྩལ”བཅས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་ཚད་བརྒལ་གསར་པ་མང་པོ་བྱུང་ནས་ཕྱུག་འགྱུར་ལམ་བུའི་ཐོག“ནས་ཀྱི་དྲི་ཞིམ་འཐུལ་བ”ཁོ་ན་ཙམ་མ་ཟད། “གླིང་ཁའི་དཔལ་འབྱོར”དང“ཞིང་པའི་སྤྲོ་སྐྱིད་ཁང”སོགས་ཀྱང་གྲོང་གསེབ་དཔལ་འབྱོར་གྱི་འཕར་གཞི་གསར་པར་གྱུར་ཡོད།

    ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉི་མ་ཆུང་ལགས་ཀྱིས་རང་ལྗོངས་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོ་ཁུར་དང་རེ་སྒུག་གནང་ཡོད།

    2024ལོར་ལྷ་ས་གོང་དཀར་གནམ་ཐང་རྒྱལ་སྤྱིའི་གནམ་ཐང་ལ་རིམ་སྤོར་བྱས་པ་དང་། གཞིས་རྩེའི(སྐྱིད་གྲོང)སྐམ་སའི་མཐའ་མཚམས་འགག་སྒོ་རྣམ་པའི་རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་ལ་ཆོག་མཆན་ཐོབ་པ། རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཕྱིར་གཏོང་དངོས་ཟོག་ལྟ་བཤེར་ཁུལ་བསྐྲུན་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པ། འགྲམ་གྲོང་རྡལ་སླར་གསོ་བསྐྱར་སྐྲུན་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་པ། སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་14སྒོ་དབྱེ་སླར་གསོ་བྱུང་བ། བོད་ཀྱི་ས་གནས་དེ་གའི་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་ཕྱི་རྒྱལ་ལ་གཏོང་འགོ་ཚུགས་ཡོད་པ་རེད། གྲངས་གཞི་ལས་མངོན་པར། 2024ལོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་126.72བར་འཕར་བ་དེ་དུས་མཚུངས་ལས་15.4%འཕར་ཏེ། ལོ་གཉིས་བསྟུད་མར“དུང་ཕྱུར་བརྒྱ”ཡི་འགག་སྒོ་ཆེ་མོ་ལས་བརྒལ་བས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་ཚད་ཀྱི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད།

    “རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལ་ཕྱོགས་པའི་སྒོ་དབྱེའི་མདུན་ཕྱོགས་ཀྱི་སྐར་ཁུང་ཡིན་པའི་གཞིས་རྩེ་གྲོང་ཁྱེར་གྱིས་སྒོ་དབྱེའི་ཆུ་ཚད་དང་། གཞི་ཁྱོན། སྤུས་ཚད། ཕན་འབྲས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ཏེ་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བཞིན་ཡོད” ཉི་མ་ཆུང་ལགས་ཀྱིས་2024ལོར་ཡར་ཆུ་ཨར་འདམ་དང་། རྟ་རྭ་འོག་ནས་ཆང་། ཝ་མདའི་ནས་ཕྱེ་སོགས་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་ཕྱི་རྒྱལ་ལ་གཏོང་འགོ་ཚུགས་པ་དང་། ནེ་པ་ལའི་ལག་ཤེས་ཐོན་རྫས་དང་། འཁེལ་འཐག་ཐོན་རྫས། བཟའ་བཅའ། གཟན་རྩྭ་སོགས་ཀྱི་ཚོང་ཟོག་འགག་སྒོ་ནས་ནང་འདྲེན་བྱས་པས་མཐའ་མཚམས་ཡུལ་སྐོར་ལས་རིགས་དར་རྒྱས་གོང་འཕེལ་བྱུང་ཡོད་ཅེས་གསུངས།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོར་བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་གྲངས་གཞིས་སླར་ཡང་ཟིན་ཐོ་གསར་པ་བཏོད་དེ་ཆན་ཝ་ཆུ་ཚོད་དུང་ཕྱུར་154.17ཟིན་པ་དེ་དུས་མཚུངས་ལས་13.93%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། གླེང་རིན་ཡོད་པ་ཞིག་ནི་2024ལོའི་ལོ་མཇུག་བར་བོད་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱིས་བཟུང་བའི་བསྡུར་ཚད་99%ལྷག་ཙམ་ཟིན་ནས། ནུས་རྒྱུ་གཙང་མའི་གློག་མཁོ་སྤྲོད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་སྟེ་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱིས་བཟུང་བའི་བསྡུར་ཚད་མཐོ་ཤོས་ཀྱི་ཞིང་ཆེན་རིམ་པའི་གློག་དྲར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།