རྒྱལ་ཡོངས་མི་དམངས་འཐུས་ཚོཌ་ཀྱི་འཐུས་མི་ནོར་བུ་གཡང་འཛོམས་ཀྱིས་གསུངས་དོན།
སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་ཀྱི་རྣམ་པ་གསར་པ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་དགོས།
འདི་ནི་ནོར་བུ་གཡང་འཛོམས་ཚོགས་འདུར་ཞུགས་བཞིན་པ།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་མེ་ཏོག་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་གཡང་འཛོམས་ཀྱིས། 2012ལོར། ཇ་ཤིང་ཐོག་མ་དེ་མེ་ཏོག་རྫོང་དུ་བཙུགས་ཡོད། ད་ཆ། མེ་ཏོག་རྫོང་ལ་རི་མཐོའི་སྐྱེ་ལྡན་ཇ་ཞིང་ར་བ་103ཡོད་ཅིང་། ཇ་ལོའི་སྤྱིའི་འདེབས་ཁྱོན་མུའུ་ཁྲི་1.9ཟིན་པ་དང་ཇ་ལོའི་ལས་སྣོན་ཁེ་ལས་6ཡོད་ཅེས་ངོ་སྤྲོད་གནང་བ་རེད།
ནོར་བུ་གཡང་འཛོམས་ཀྱིས“ད་དུང་ཟླ་ཕྱེད་ཙམ་སོང་ན་ང་ཚོའི་དཔྱིད་ཀའི་ཇ་ལོ་འཐུ་འགོ་ཚུགས་ཀྱི་ཡོད། ལོ་དེ་དག་རིང་། མེ་ཏོག་གི་ཇའི་ཐོན་ལས་འཕེལ་རྒྱས་འགྲོ་བ་དང་བསྟུན་ཏེ་རྫོང་གི་བུད་མེད་མང་པོ་ཞིག་ཇ་ལོ་འཐུ་མཁན་དུ་གྱུར་ཡོད་ལ། མང་ཚོགས་མང་པོ་ཞིག་ཀྱང་ཇ་བཟོའི་ལག་རྩལ་ཤེས་ནས་ཇ་བཟོའི་ལས་མིར་གྱུར་ཡོད། ཇ་ལོས་རྫོང་ལ་ཕན་བདེ་མང་པོ་བསྐྲུན་ཡོད་ཅིང་། 2024ལོར། མེ་ཏོག་རྫོང་གི་ཇ་ལོ་སྔོན་པོ་ཁོ་ན་བཙོངས་པར་ཡོང་འབབ་སྒོར་ཁྲི་1500ལྷག་ཙམ་རག་ཡོད”ཅེས་གསུངས།
ནོར་བུ་གཡང་འཛོམས་ཀྱིས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་གཏིང་ཟབ་སྤེལ་བ་དང་བསྟུན་ནས། གྲོང་གསེབ་ཁུལ་གྱི་ལས་ཞུགས་རྣམ་པར་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། སྟབས་བསྟུན་ལས་ཞུགས་དང་ལས་རྣམ་གསར་པས་ཞིང་པ་མང་ཚོགས་ལ་འབབ་འཕར་གྱི་གོ་སྐབས་དེ་བས་མང་བ་བསྐྲུན་ཡོད། འོན་ཏེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རྩལ་ནུས་གསོ་སྦྱོང་མི་འདང་བ་སོགས་ཀྱི་གནད་དོན་འཕྲད་ཡོད་ཅེས་གསུངས། ད་ལོ། ནོར་བུ་གཡང་འཛོམས་ཀྱིས་མང་ཚོགས་ལས་ཞུགས་ཐད་ཀྱི་དགོས་མཁོ་དང་གནད་དོན་ལ་དམིགས་ཏེ། རྒྱལ་ཡོངས་ཚོགས་འདུ་གཉིས་ལ“སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་ཀྱི་རྣམ་པ་གསར་པ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བའི”སྐོར་གྱི་གྲོས་གཞི་གྲ་སྒྲིག་གནང་ཡོད།