དབུ་ཤོག>ཆེད་སྒྲིག
  • རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྒྲོལ་དཀར་གྱིས་གསུངས་དོན་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-08

    འདི་ནི་སྒྲོལ་དཀར་གྱིས་ཚོགས་རའི་ཕྱི་རུ་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།

    རྒྱལ་གཉེར་ནགས་རའི་ལས་བཟོ་དཀྱུས་མ་དང་དམངས་གཉེར་ཁེ་ལས་ཀྱི་འབྲིང་རིམ་དོ་དམ་པ་ནས་ད་ཆ་རང་ཉིད་ཀྱིས་ལས་གཏོད་བྱེད་པའི་བར། རྒྱུ་ནོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ལྷག་ཙམ་ཟིན་པའི་དམངས་གཉེར་ཁེ་ལས་མཁས་ཅན་ཞིག་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྒྲོལ་དཀར་གྱི་མི་ཚེའི་མྱོང་བ་ལས་ཁོང་གིས“འཇོན་ཐང་ཇི་ཙམ་ཆེ་ན་འགན་འཁྲི་དེ་ཙམ་གྱིས་ལྕི་བ་ཡོད་པར”ཡིད་ཆེས་བརྟན་པོ་གནང་གི་ཡོད།

    “རྒྱལ་ཁབ་ཀྱིས་རྨང་གཞིའི་འཛུགས་སྐྲུན་ལ་མ་དངུལ་མང་པོ་བཏང་བས་ང་རང་ལ་སེམས་འགུལ་མི་ཐེབས་པ་ག་ལ་སྲིད”ཅེས་སྒྲོལ་དཀར་གྱིས་གསུངས་པ་དང་། ཁ་བཤད་བྱ་བ་འཕྲལ་དུ་རྩོམ་ཞེས་པ་ལྟར་སྒྲོལ་དཀར་གྱིས་གཉེར་བའི་བོད་ལྗོངས་ཀྲུང་ཡོན་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སི་2013ལོར་ལྷ་ས་གྲོང་ཁྱེར་ཉེ་འདབས་ཀྱི་ཆུ་ཤུར་རྫོང་དུ་བཙུགས་པ་རེད།

    ཁེ་ལས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། སྒྲོལ་དཀར་གྱིས་ཐོན་སྐྱེད་སྒྲུབ་རིམ་ཚང་མར་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལས་མིར་བསྡུ་བའི་བྱ་ཐབས་མཐའ་འཁྱོངས་བྱས་པ་དེས་ཀྱང་ས་གནས་དེ་གའི་མང་ཚོགས་ལ་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པའི་གོ་སྐབས་བྱུང་ཡོད།

    ལས་གཏོད་བྱེད་འགོ་ཚུགས་མ་ཐག སྒྲོལ་དཀར་གྱིས་རང་ངོས་འཕེལ་རྒྱས་གཏོང་བ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་སྤྱི་ཡོངས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་ཏན་ཏན་ཏིག་ཏིག་ངང་ཡག་པོ་བསྐྱོད་པ་རེད།

    ད་ཆ། སྒྲོལ་དཀར་གྱིས་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་གཞོན་ནུ་ཁེ་ལས་མཁས་ཅན་ཚོང་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་གོ་གནས་གཅིག་ལྕོགས་ཁུར་བ་དང་། ལྷག་པར་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་རྗེས་སྒྲོལ་དཀར་ཁེ་ལས་དང་། གྲོང་གསེབ། མཐོ་སློབ་བཅས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཏེ་སྔ་རྗེས་སུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་གནད་དོན་སྐོར་རྒྱལ་ཡོངས་ཚོགས་འདུ་གཉིས་ཐོག་གྲོས་གཞི་དང་གྲོས་འགོ་ཐེངས་མང་ཕུལ་ཡོད། སྒྲོལ་དཀར་གྱིས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བར་ཐུག་ཡོད་པའི་ངོས་འཛིན་གནང་ཞིང་། ཁོང་གིས“འགན་སྒྲུབ་བརྟག་ཞིབ་བྱེད་རིང་། ང་ལ་བོད་ཀྱི་ཞིང་ཞོར་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བར་མདུན་ལམ་ཆེན་པོ་ལྡན་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་། འདི་ནི་ཁྲོམ་རའི་དགོས་མཁོ་དང་ཁ་ཕྱོགས་ཡིན་པ་མ་ཟད། ཐུན་མོང་ཕྱུག་འགྱུར་ཡོང་བའི་གཞི་རྟེན་ནུས་ལྡན་ཞིག་ཀྱང་རེད། ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་བོད་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཐབས་དང་ཇུས་བཏོན་ནས། སྤུས་ཚད་མཐོ་བའི་འགན་སྒྲུབ་རྒྱུགས་ལན་ཞིག་ཧུར་ཐག་འབུལ་གྱི་ཡིན”ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།