ཨུ་ཡོན་ཧྲུའུ་ཞའོ་ཀང་གིས་གསུངས་དོན། པུའུ་ཨུད་ཀྱིས་ང་ལ་ལས་ཀའི་གཙོ་གནད་བཀོད་སྒྲིག་བྱས་བྱུང་།
ཟླ་2ཚེས་26ཉིན། ཉིན་གང་སློབ་ཚན་ཁྲིད་ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ཐུང་ཅིས་གསོ་རིག་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཧྲུའུ་ཞའོ་ཀང་གིས་ངལ་གསོ་རྒྱག་ཁོམ་མ་བྱུང་བར་ཕྲ་ཕུང་ཐོན་ལས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བརྟག་ཞིབ་དཔྱད་གཞི་བསྡུ་རུབ་བྱེད་འགོ་བརྩམས།
“ཕྲ་ཕུང་ལག་རྩལ་ནི་གོ་ལ་ཧྲིལ་པོའི་སྔོན་ཐོན་ཚན་རྩལ་ཞིག་ཡིན་པ་དང་། ཕྲ་ཕུང་ལག་རྩལ་གཞི་རྟེན་དུ་བྱས་པའི་ཕྲ་ཕུང་ཐོན་ལས་ཀྱིས་འབྱུང་འགྱུར་གྱི་ཚེ་སྲོག་བདེ་ཐང་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ཤིག་མཚོན་པར་བརྟེན་དེར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད”ཅེས་ཧྲུའུ་ཞའོ་ཀང་གིས་བརྗོད་པ་དང་། ཁོང་གིས་ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ངས་བརྗོད་གཞི་འདིར་དམིགས་ནས་གྲོས་འགོ་ཞིག་འདོན་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་གསུངས།
ཧྲུའུ་ཞའོ་ཀང་གིས་གསོ་རིག་སློབ་གསོའི་ཁྱབ་ཁོངས་སུ་ཞིབ་འཇུག་ལོ་མང་གནང་སྟེ་སྨན་བཅོས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་འབོད་སྐུལ་རྒྱུན་ཆད་མེད་པར་གནང་གི་ཡོད། དེ་གོང་ཁོང་གིས་བརྟག་ཞིབ་གནང་རིང་། རྒྱལ་ཁབ་གསོ་རིག་ལྟེ་གནས་དང་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་རིང་ལྷགས་པའི་ས་ཁོངས་ཀྱི་ཁྱབ་རྒྱ་ཆུང་ཞིང་ཆེད་ཚན་རིགས་དབྱེ་ཉུང་དྲགས་པ་སོགས་ཀྱི་གནད་དོན་དབང་གིས་ནད་པ་ཞིང་ཆེན་ནང་ཁུལ་དུ་སྨན་བཅོས་བྱ་རྒྱུར་སྟབས་བདེ་མེད་ཚུལ་ཤེས་རྟོགས་བྱུང་ནས། འཛུགས་སྐྲུན་བྱས་རྗེས་ཀྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་རྩིས་ཡོད་པ་རེད།
ན་ནིང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་རིང་། 《རྒྱལ་ཁབ་ཀྱི་སློབ་གསོ་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་ལེན་བསྟར་ནས་འཛམ་གླིང་གི་གྲངས་འཛིན་སློབ་གསོ་གཏོང་ལམ་གསར་པར་སྣེ་འཁྲིད་རྒྱུའི་སྐོར་གྱི་གྲོས་གཞི》བཏོན་ཞིང་། དེའི་ནང་སྲོལ་རྒྱུན་གྱི་སློབ་གསོ་དང་གྲངས་འཛིན་ཅན་གྱི་སློབ་གསོ་གཅིག་ལ་གཅིག་རྟེན་ངང་མཉམ་འདྲེས་ཡོང་བར་བྱས་ཏེ། གྲངས་འཛིན་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་ཡོང་བར་ཕྱོགས་མང་པོ་ནས་མཉམ་དུ་སྐུལ་འདེད་ཀྱིས་གྲངས་གཞིའི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་དགོས་ཚུལ་བསྟན་ཡོད།
ཁོང་གི་གྲོས་གཞི་དེར་རྒྱལ་ཡོངས་སྲིད་གྲོས་ཀྱིས་གཙོ་གནད་གྲོས་གཞིར་གཏན་འཁེལ་བྱས་པ་མ་ཟད། 2024ལོའི་ཟླ་བརྒྱད་པར་གྲོས་གཞི་དེར་སློབ་གསོ་པུའུ་ཡིས་ལན་བཏབ་ཡོད། ད་ལོའི་ལོ་འགོར། སློབ་གསོ་པུའུ་ཡིས་ཧྲུའུ་ཞའོ་ཀང་ལ“2025ལོའི་ལས་ཀའི་གཙོ་གནད”བཀའ་མངགས་གནང་བའི་ནང་། རྒྱལ་ཁབ་ཀྱི་རིག་ལྡན་ལས་སྟེགས་ཐོན་ཁུངས་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཚེ་གང་སློབ་སྦྱོང་བྱེད་པའི་སྤྱི་པའི་ཞབས་འདེགས་ཞུ་ནུས་མཐོ་རུ་གཏོང་དགོས་ཚུལ་ཁ་གསལ་བསྟན་ཡོད།
“སློབ་གསོ་གྲངས་འཛིན་ཅན་དུ་འགྱུར་རྒྱུའི་སྐོར་གྱི་གྲོས་གཞིར་ཁས་ལེན་གནང་བ་མ་ཟད། པུའུ་ཨུད་ཀྱིས་ང་ལ་ལས་ཀའི་གཙོ་གནད་ཀྱང་བཀོད་སྒྲིག་གནང་བྱུང་བས། དེས་རང་ངོས་ལ་ཤེས་བྱ་གསར་པ་དང་སྲིད་ཇུས་གསར་པ་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ནས་ཆེད་ལས་ཀྱི་བྱང་ཚད་དང་ལས་དོན་སྒྲུབ་པའི་འཇོན་ཐང་མུ་མཐུད་ཆེ་རུ་གཏོང་རྒྱུར་སྔར་བས་ལྕག་སྐུལ་ཐེབས་བྱུང”ཞེས་ཧྲུའུ་ཞའོ་ཀང་གིས་གསུངས།